ལི་ཆང་སིང་ག་ཕོར་འབྱོར་ཏེ་དངོས་གཞིའི་འཚམས་འདྲི་གནང་འགོ་བརྩམས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སིང་ག་ཕོར་གྱི་ཙུང་ལི་ཧོང་ཞོན་ཚའེ་ཡི་གདན་ཞུས་ལྟར། ས་གནས་ཀྱི་དུས་ཚོད་ཟླ10ཚེས25ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནམ་གྲུ་བསྡད་ནས་འདིར་འབྱོར་ཞིང་། སིང་ག་ཕོར་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

སིང་ག་ཕོར་གྱི་ཕེབས་རོགས་པུའུ་ཀྲང་། གྲངས་འཛིན་འཕེལ་རྒྱས་དང་གསར་འགྱུར་པུའུ་ཡི་པུའུ་ཀྲང་དབྱང་ལི་མིང་དང་སིང་ག་ཕོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚའོ་ཀྲུང་མིང་གནམ་ཐང་དུ་བསུ་མར་སླེབས།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ལོ35རིང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བླངས་སྟེ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སིང་ག་ཕོར་ཕྱོགས་ཀྱི་འགོ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་བྱུང་ཏེ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་གཟིགས་རྒྱང་ཅན་གྱི་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ཏེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་བས་མང་བ་བསྐྲུན་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་བྱས་རྗེས་ཀྱང་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་ལས་ཁྱོན་ཡོངས་ནས་རྒྱ་བསྐྱེད་དེ་དེང་རབས་ཅན་གྱི་བགྲོད་ལམ་སྟེང་མུ་མཐུད་དུ་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་འདོད་ཡོད།