
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས25ཉིན་ནས་ཚེས26ཉིན་བར། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥིན་དང་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ། ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སིན་ཐི་དང་ཉོ་ཚོང་འཐུས་མི་ཀི་ལིས་ཨར་བཅས་ཀྱིས་མ་ལེ་ཞི་ཡའི་ཅི་ལུང་ཕོ་རུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ད་ལོའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཞལ་པར་བསྐྱོན་ཐེངས་དུ་མའི་རིང་གི་ཐུན་མོང་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ནས། ཨ་རིས་ཀྲུང་གོར་དམིགས་པའི་མཚོ་དོན་དངོས་རྒྱུག་དང་གྲུ་བཟོ་ལས་རིགས་ཀྱི301བྱེད་ཐབས་དང་། ཆ་སྒྲིག་སྒོ་ཁྲལ་མཚམས་འཇོག་དུས་ཡུན་རྒྱུན་བསྲིངས་པ། ཧྥིན་ཐའེ་ཉིའི་སྒོ་ཁྲལ་དང་ཁྲིམས་བསྟར་མཉམ་ལས། ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་། ཕྱིར་གཏོང་དོ་དམ་སོགས་ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་དཔལ་འབྱོར་ཉོ་ཚོང་གི་གནད་དོན་གལ་ཆེན་ལ་དམིགས་ནས། ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པའི་བརྗེ་རེས་གྲོས་མོལ་བྱས་ཏེ། སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་པར་གཞི་རྩའི་གཅིག་མཐུན་ངོས་འཛིན་བྱུང་། ཕྱོགས་གཉིས་ཀྱིས་ཞིབ་ཕྲའི་གནས་ཚུལ་སྔར་བས་གཏན་འཁེལ་བྱེད་པར་མ་ཟད། སོ་སོའི་རྒྱལ་ནང་གི་ཆོག་མཆན་གོ་རིམ་ལག་བསྟར་བྱེད་པར་མོས་མཐུན་བྱུང་།
ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་ལ། ཕྱོགས་གཉིས་མཐུན་ན་གཉིས་ཀར་ཕན་པ་དང་མ་མཐུན་ན་གནོད་པ་འབྱུང་སྲིད་པས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་པ་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་ཕྱོགས་འགལ་དང་རྩོད་གླེང་དག་ལ་དམིགས་ནས། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། འདྲ་མཉམ་ངང་ཁ་བརྡ་དང་གྲོས་མོལ་བྱས་པ་བརྒྱུད། ཕན་ཚུན་གྱི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ཤེས་འཚོལ་དགོས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་གྲུབ་འབྲས་ནི་ཐོབ་སླ་བ་ཞིག་མིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་སྲུང་སྐྱོང་བྱེད་དགོས། ཨ་རི་ཕྱོགས་ཀྲུང་གོ་ཕྱོགས་དང་མཐུན་ཕྱོགས་སུ་བསྐྱོད་དེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཞལ་པར་བསྐྱོན་ཐེངས་དུ་མའི་རིང་གི་ཐུན་མོང་ངོས་འཛིན་གལ་ཆེན་དང་ད་ལོའི་ཚུན་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་གྲུབ་འབྲས་རབ་དང་རིམ་པ་མཉམ་དུ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཕན་ཚུན་ཡིད་ཆེས་ཇེ་ཟབ་དང་དོ་དམ་ཚོད་འཛིན་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་སྟེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་མུ་མཐུད་དུ་ཆུ་ཚད་སྔར་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད།
ཨ་རི་ཕྱོགས་ཀྱིས་ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ནི་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་ཕྱོགས་གཉིས་འབྲེལ་བ་ཞིག་ཡིན་ལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འདྲ་མཉམ་དང་བརྩི་འཇོག་གི་བྱེད་ཐབས་སྤྱད་དེ་འགལ་བ་ཐག་གཅོད་དང་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་པ་བསྟན།
ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་རྐྱེན་སྲོལ་གྱི་ནུས་པ་ལེགས་པོར་བཏོན་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་སོ་སོས་དོ་ཁུར་བྱེད་པའི་ཐད་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྐྱོན་བྲལ་དང་། བརྟན་ལྷིང་། རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་བྱུང་།