རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཟུར་པ་ཅང་ཁྲའོ་ལེའང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པས་ཏང་ཁོངས་དང་ལས་གནས་ནས་ཕྱིར་ཕུད།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཟུར་པ་ཅང་ཁྲའོ་ལེའང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས།

ཞིབ་བཤེར་བྱས་པ་བརྒྱུད། ཅང་ཁྲའོ་ལེང་གི་ཕུགས་བསམ་དང་དད་འདུན་ཤོར་བ་དང་། ཐོག་མའི་དམ་བཅའ་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་ནས་གཞུང་དོན་དྲང་གཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་ནས་ལས་བྱེད་པ་འདེམས་སྒྲུག་དང་ལས་བཟོ་པ་བསྡུ་སྤྱོད་སོགས་ཀྱི་བྱ་བའི་ཁྲོད་གཞན་ལ་ཁེ་ཕན་བསྒྲུབས་ཏེ་རྒྱུ་ནོར་དང་དངོས་པོ་བླངས་པ་དང་། སྤྱོད་གཙང་གི་མ་མཐའི་མཚམས་ཐིག་ཤོར་ཏེ་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་བ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་གཡར་སྤྱོད་བྱས་ཏེ། གཞན་ལ་རང་ཉིད་ཀྱིས་སྤྲོད་དགོས་པའི་གྲོན་དངུལ་སྤྲོད་དུ་བཅུག་པ། ལས་གནས་དང་འགན་འཁྲི་ཤོར་ནས་ཤུགས་རྐྱེན་ངན་པ་བཟོས་པ། འདོད་རྔམ་རུལ་སུངས་དང་རང་སྣང་གང་དྲན་གྱིས་སྤྱིའི་དབང་ཆ་དེ་སྒེར་ཕན་དོན་གཉེར་གྱི་ལག་ཆར་བཟུང་སྟེ། སྒོར་མོ་དང་དབང་ཆའི་ཉོ་ཚོང་བརྒྱབ་པ་དང་ཁྱིམ་རྒྱུད་རྣམ་པའི་རུལ་སུངས་ཚབས་ཆེན་བཟོས་པ། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་གཞན་ལ་ཁེ་ལས་གཉེར་སྐྱོང་དང་དངུལ་བུན་གྱི་ཞིབ་མཆན་བཀོད་པ། བཟོ་སྐྲུན་སྒྲུབ་འགན་ཁུར་པ་དང་།གོ་གནས་འཕར་བ་སོགས་ཀྱི་ཐད་ཁེ་བཟང་རག་པར་མ་ཟད། ཁྲིམས་འགལ་གྱིས་རྒྱུ་དངོས་འབོར་ཆེན་བླངས།

ཅང་ཁྲའོ་ལིའང་གིས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ། སྤྱོད་གཙང་གི་སྒྲིག་ལམ་དང་། བྱ་བའི་སྒྲིག་ལམ་བཅས་དང་འགལ་བས། ལས་འགན་ཁྲིམས་འགལ་ཚབས་ཆེན་ཡིན་པར་མ་ཟད་ལྐོག་རྔན་བླངས་པའི་ནག་ཉེས་ཀྱང་ཡོད། དེར་མ་ཟད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་མཚམས་མི་འཇོག་པ་དང་ངོ་བོ་ཚབས་ཆེན་ཡིན་ལ། ངན་ཤུགས་ཆེན་པོ་ཐེབས་པས་ཐག་གཅོད་ནན་མོ་བྱེད་འོས།《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འགན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་ལ་སྙན་ཞུ་ཞུས་ཏེ་ཆོག་མཆན་གནང་བ་བརྒྱུད། ཅང་ཁྲའོ་ལེའང་ཏང་ཁོངས་ནས་ཕུད་པའི་ཆད་པ་བཅད། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཞུང་འགན་ནས་ཕུད་པའི་ཆད་པ་བཅད། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་རྩིས་ལེན་བྱས་པ་དང་། ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་བྱ་རྒྱུར་ཞུ་གཏུག་བྱས་ལ། འབྲེལ་ཡོད་རྒྱུ་དངོས་མཉམ་དུ་སྤྲད།