ལི་ཆིང་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་སྐབས་ཉི་ཤུ་པར་ཞུགས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ས་དེའི་དུས་ཚོད་ཟླ10པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་མཱ་ལེ་ཞི་ཡའི་ཅི་ལུང་ཕོ་རུ་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་སྐབས་ཉི་ཤུ་པར་ཞུགས།

ས་དེའི་དུས་ཚོད་ཟླ10པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆིང་མཱ་ལེ་ཞི་ཡའི་ཅི་ལུང་ཕོ་རུ་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་སྐབས་ཉི་ཤུ་པར་ཞུགས།

ལི་ཆིང་གིས་བསྟན་དོན། ལོ་ངོ20སྔོན་དུ། ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་ཅི་ལུང་ཕོ་རུ་འཚོགས་འགོ་ཚུགས། ལོ་ངོ20རིང་། རྩེ་ཚོགས་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་སྤྱི་ཡོངས་ནས་འདོན་སྤེལ་དང་། ས་གནས་ཀྱི་བརྟན་འཇགས་དང་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དེང་སྐབས། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་ཞུགས་ཤིང་། ཞི་བདེ་དང་འཕེལ་རྒྱས་བར་ཉེན་ཁ་དང་འགྲན་སློང་གསར་པ་མང་པོར་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། དགོས་གཏུག་གི་དཀའ་གནད་སེལ་རྒྱུར་དམིགས་ཏེ། གཟབ་ནན་སྒོས་འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཏོན་ནས། རང་བདག་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་བཀུར། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་པར་སྐུལ་ཁྲིད། བྱ་སྤྱོད་ཁྲིད་ཕྱོགས་གཟབ་ནན་བཅས་དོན་དངོས་ཀྱི་ཁ་གཏད་རང་བཞིན་དྲག་པོ་ལྡན་པའི་སྒོ་ནས། ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་ཀྱི་གཙོ་དོན་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

ལི་ཆིང་གིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་ཀྱི་ཐོག་མའི་སེམས་འདུན་བརྟན་སྲུང་བྱེད་ཅིང་། འཛམ་གླིང་བཅོས་སྐྱོང་གྲོས་འགོའི་ཧུར་ཐག་གི་འགུལ་སྐྱོད་དམིགས་སུ་བཟུང་སྟེ། ས་ཁུལ་ཞི་བདེ་འཕེལ་རྒྱས་ཀྱི་ཆེད་དུ་དྲང་ཕྱོགས་ཀྱི་སྟོབས་ཤུགས་སྔར་ལས་མང་བ་སྣོན་རྒྱུར་མཉམ་དུ་འབད་འབུངས་བྱེད་འདོད་ཡོད་དེ། གཅིག མུ་མཐུད་ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱེད་པ། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་བལྟ་ཚུལ་འཛིན་པ། དྲང་གཞག་དྲང་བདེན་སོགས་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་འབྲེལ་འདྲིས་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན། དཔལ་འབྱོར་འཛམ་གླིང་ཅན་དང་འཛམ་གླིང་སྣེ་མང་ཅན་ནི་ལྡོག་ཐབས་མེད་པ་ཞིག་ཡིན་ལ། འཛམ་གླིང་དེ་ཆེ་བས་ཆུང་བ་ཟ་བའི་གདོད་མའི་གནས་སུ་ལྷུང་མི་རུང་། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དང་། ལོ་རྒྱུས་ཀྱི་འཕེལ་འགྱུར་དང་མཐུན་པའི་གཞི་རྩའི་ངོས་ཤེས་ཐ་དག་གི་རྒྱུན་བསྐྱངས་པ་ཡིན་ན། ད་གཟོད་གནད་འགག་གི་དུས་སྐབས་སུ་ཡང་དག་པའི་གདམ་ཀ་རྙེད་ཐུབ་ལ། མདུན་སྐྱོད་བགྲོད་ལམ་སྟེང་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཐུབ། གཉིས། འབུར་ཐོན་གནད་དོན་ཐག་གཅོད་པར་ཤུགས་འདོན་པ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཚིས་ལེགས་བཅོས་ནི་རང་ས་གནས་དང་རྒྱལ་ཁབ་སོ་སོའི་ཐོག་མའི་གྲོས་རིམ་ཡིན། ང་ཚོས་བློ་རྩ་སྔར་ལས་བརྟན་པོའི་སྒོ་ནས་རང་མོས་ཉོ་ཚོང་རྐྱེན་སྲོལ་སྲུང་སྐྱོང་དང་། ཆུ་ཚད་མཐོ་བའི་ས་ཁོངས་རང་མོས་ཉོ་ཚོང་དྲ་རྒྱ་འཛུགས་པར་འབད་པ་བྱས་ཏེ། ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་ཤིང་། དམངས་ཚིས་བདེ་སྐྱིད་མུ་མཐུད་ཤུགས་དྲག་ཏུ་གཏོང་བའི་ཐད་ནས་མཉམ་ཤུགས་སྔར་ལས་མང་པོ་གཅིག་ཏུ་བསྡུས་ནས། སྤྱི་ཕན་དཀྱེལ་ཡངས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། གསུམ། སྒྲིག་སྲོལ་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ། གནས་བབ་ཇི་ལྟར་རྙོག་འཛིང་ཆེ་ན། རྒྱལ་སྤྱིའི་ཁྲིམས་སྐྱོང་དབང་ཟིལ་ལ་དེ་ལྟར་སྲུང་སྐྱོང་བྱེད་དགོས། ང་ཚོས་ཐུན་མོང་ཐོག་སྒྲིག་སྲོལ་བརྩི་སྲུང་བྱེད་དགོས་ལ། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ཨེ་ཤ་ཡ་ཤར་མའི་མནའ་འབྲེལ་གྱིས་ས་ཁོངས་སྒྲིམ་གཞིའི་ཁྲོད་ཟིན་པའི་དཀྱིལ་སྙིང་གོ་གནས་ལ་རྒྱབ་སྐྱོར་བྱས་ནས། ས་ཁུལ་མཉམ་ལས་ཀྱི་སྐུལ་འདེད་མཁན་བྱེད་དགོས། དུས་མཉམ་དུ་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོའི་ཁེ་ཕན་ལ་སྔར་ལས་ལྷག་པའི་འགན་སྲུང་བྱེད་དགོས།

ཚོགས་ཞུགས་འགོ་ཁྲིད་པས་བལྟས་ན། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་ཅིང་། ས་མཚམས་ཀྱི་འགལ་བ་ཇེ་དྲག་དང་སྲུང་སྐྱོབ་རིང་ལུགས་ལ་ངར་ཤུགས་རྒྱས་བཞིན་ཡོད་པས། ས་ཁུལ་དང་རྒྱལ་ཁབ་ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་ཀྱི་ཐོག་མའི་སེམས་འདུན་སྟེང་ཕྱིར་ལོག་པར་བྱས་ཏེ། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་བརྟན་སྲུང་བྱེད་པ། ནུས་ཤུགས་གཅིག་མཐུན་གྱིས་ཞི་བདེའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཕན་ཚུན་ལ་བརྩི་འཇོག་བྱེད་པའི་སྟེང་ཁ་བརྡ་གྲོས་མོལ་བྱེད་པ། གྲོགས་པོའི་འབྲེལ་བ་གསར་དུ་བཏོད་པ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས། ལྗང་མདོག་ཚུལ་སྒྱུར། ནམ་ཟླའི་འགྱུར་ལྡོག སྤྱི་བའི་འཕྲོད་བསྟེན་སོགས་ཀྱི་འགྲན་སློང་ལ་ལག་རྡང་མཉམ་སྦྲེལ་གྱིས་ཁ་གཏད་འཇལ་དགོས་ཤིང་། ས་ཁུལ་དང་འཛམ་གླིང་ཡུན་རིང་ཞི་བདེ། བརྟན་འཇགས་དང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པར་འདོད།

ཨེ་ཤ་ཡ་ཤར་མའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མཱ་ལེ་ཞི་ཡའི་ཙུང་ལིས་ཨན་ཝ་ཨར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་སྟེང《ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་ཀྱི་ལོ་འཁོར20ཅི་ལུང་ཕོ་ཡི་བསྒྲགས་གཏམ》དང 《ཨེ་ཤ་ཡ་ཤར་མའི་རྩེ་ཚོགས་ཀྱི་གནོད་འཚེར་གྲ་སྒྲིག་དང་ཁ་གཏད་འཇལ་བར་ཤུགས་སྣོན་པའི་ས་གནས་རང་བཞིན་གྱི་སྔོན་འགོག་འགུལ་སྐྱོད་སྤེལ་བའི་མགོ་ཁྲིད་པའི་གསལ་བསྒྲགས》ལ་གྲོས་འཆམ་བྱུང་།

རིག་འཛིན་སྒྲོལ་མས་བསྒྱུར།