
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་གཉིས་པ་ཚེས27ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་འཐབ་ལམ་གསར་པར་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་ཡིན་པས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་། མཛུབ་སྟོན་བསམ་བློ། རྩ་དོན་གལ་ཆེན་དང་འཐབ་ཇུས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། བསམ་སྦྱོར་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐད་གཅིག་གྱུར་བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་སྒོས་འཕྱུར་བར་བྱེད་དགོས་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ནན་མོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དེ་སྲིད་གྲོས་ཀྱི་འགན་སྒྲུབ་ལས་དོན་ཡོངས་ལ་ཁྱབ་ནས་དོན་འཁྱོལ་བྱེད་དགོས། ད་ལོའི་བྱ་བ་སོ་སོ་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་སང་ལོའི་ལས་དོན་ཇུས་འགོད་བྱེད་པ་དང་། གྲོས་མོལ་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་ལེགས་པོ་བྱེད་པ། གྲོས་མོལ་སྲིད་གླེང་གྲོས་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བར་སྒྲིག་འཛུགས་ལེགས་པོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོ་བ་དང་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ལས་དོན་སོ་སོ་བདེ་བླག་ངང་འགོ་རྩོམ་པར་སྐུལ་འདེད་གཏོང་ཆེད་ཇུས་འབུལ་ཤུགས་འདོན་བྱ་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་བཏོན་ནས། མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ལས་དོན་མང་པོ་སྒྲུབ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཙུགས་ནས་ལོ80འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་། ཀྲུང་གོའི་ཞིང་ལས་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། གོ་ལ་ཧྲིལ་པོའི་བུད་མེད་རྩེ་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གཙོ་བོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འབྲེལ་ཡོད་གྲོས་གཞིར་དམིགས་ནས་བརྟག་ཞིབ་སྲིད་གླེང་གཏིང་ཟབ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་ཕྱི་དོན་བྱེད་སྒོའི་ཁྲོད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྲིད་གྲོས་ཀྱི་ཕྱི་དོན་བྱེད་སྒོའི་སྒྲིག་འཛུགས་ཆུ་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོ་རུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ལེགས་པོ་སྒྲུབ་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐེར་དང་། མུའུ་ཧུང་། ཅང་ཙུའོ་ཅུན། ཧོ་པའོ་ཞང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་གཏམ་བཤད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་བའི་ཝང་ཏུང་ཧྥུང་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་ལ་གསལ་བཤད་བྱས།