ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་སྐུལ་སློང་ཚོགས་འདུ་པེ་ཅིང་དུ་འཚོགས། ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་སྐུལ་སློང་ཚོགས་འདུ་ཚེས27ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།  ཁོང་གིས་ནན་གྱིས་བསྟན་དོན།  ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་ཡུན་རིང་བོའི་ནང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྒྲོག་བཤད་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་སྒྲོག་འགྲེལ་ལས་འགན་ལེགས་སྒྲུབ་བྱས་ཏེ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟམ་མོ་ལེན་རྒྱུར་ཁྲིད་སྟོན་བྱེད་དགོས། “འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ལེགས་པོར་སྒྲུབ་སྟེ།  བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བྱེད་དགོས།

ཚའེ་ཆི་ཡིས་བསྟན་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས་བ་དང་།  ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་དང་ཡང་དག་པར་སྒྲོག་བཤད་བྱེད་པ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་གསལ་པོར་བརྗོད་དགོས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་གཞི་རྩའི་བརྡར་གཅོད་གསལ་པོར་བརྗོད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་། རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་གསལ་པོར་བརྗོད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་གཙོ་གནད་དུ་དམ་འཛིན་བྱ་དགོས་པའི་གལ་ཆེའི་རང་བཞིན་གསལ་པོར་བཤད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་རང་རྟོགས་སྒོས་བླང་བྱ་སོ་སོ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་མཐར་ཕྱིན་བྱེད་པར་ཁྲིད་སྟོན་བྱས་ཏེ། བརྗིད་ཆེའི་འཆར་འགོད་དེ་དོན་དངོས་སུ་བསྒྱུར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན།  སྒྲོག་བཤད་ལས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་རྩ་བའི་དགོངས་གཞི་དམ་འཛིན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ། མང་ཚོགས་དང་ཉེ་སར་བཅར་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གནད་ལ་འཁེལ་བར་བཤད་པ་དང་། ཁྱོན་ཡོངས་ནས་བཤད་པ། མཐར་ཕྱིན་པར་བཤད་པ། གླེང་ཕྱོགས་དང་སྔོན་དཔག་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ་སྒྲོག་བཤད་ཀྱི་ཕན་འབྲས་དངོས་སུ་ཆེ་རུ་གཏོང་དགོས།

ལི་ཧྲུའུ་ལེ་ཡིས་འགོ་འཛིན་བྱས་པ་དང་། ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།