
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མ་ལེ་ཞི་ཡའི་ཅི་ལུང་ཕོ་རུ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐར་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་དེ་གོ་སྐབས་དང་འཕྲད་ཡོད་པར་མ་ཟད་འགྲན་སློང་ཀྱང་གནས་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་རྟོན་རྨང་གཞི་བརྟན་པོར་བཙུགས་ཏེ། ཕྱོགས་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་མཉམ་ལས་རྒྱ་ཆེ་རུ་བཏང་ནས། མཉམ་ལས་ཀྱི་འཕར་གནས་གསར་པ་སྔར་བས་མང་བ་གཏོད་འདོད་ཡོད། དུས་མཚུངས་སུ་འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་སྟེང་། གླེང་མོལ་གྲོས་མོལ་དང་ཕན་ཚུན་བསམ་ཤེས་བཟོད་བསྲན་བྱས་པ་བརྒྱུད། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོའི་ཡོ་རོབ་གླིང་གི་ཁེ་ལས་ལ་འདྲ་མཉམ་དང་དྲང་སྙོམས། མཐོང་ཆུང་མིན་པའི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་པའི་རེ་བ་བཅངས་ཡོད། ཡོ་རོབ་གླིང་མནའ་འབྲེལ་སྒྲིག་གཞིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
ཁོ་སི་ཐ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་གླེང་མོལ་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།