
ས་གནས་དེའི་དུས་ཚོད་ཟླ10པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅི་ལུང་ཕོ་རུ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་འར་པཱ་ཉི་སི་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ད་ལོའི་ཟླ7པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་ལྷན་དུ་གྲོས་མོལ་གནང་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འཆར་འགོད་གསར་པ་གནང་། ཉེ་བའི་དུས་མཚམས་རིང་། རྒྱལ་ཁབ་ཀྱི་འབྲེལ་བའི་ཐད་མུ་མཐུད་དུ་དགེ་མཚན་ལྡན་པའི་འཕེལ་ཕྱོགས་མངོན་པ་དང་། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་འཐབ་ཇུས་བརྗེ་རེས་རྒྱུན་འཁྱོངས་བྱས་ནས། ཉོ་ཚོང་དངུལ་གཏོང་དང་ལྗང་མདོག་དཔལ་འབྱོར། མཐོ་གསར་ལག་རྩལ། གཞི་གྲངས་ཐོན་ལས་སོགས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། སྔར་ལས་བརྟན་ལྷིང་དང་གྲུབ་འབྲས་ལྡན་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལའང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཨ་འར་པ་ཉི་སི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཕྱོགས་གཉིས་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། ཀྲུང་གོས2026ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་གཙོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོང་བྱས་ནས། ས་ཁུལ་བརྟན་ལྷིང་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།