ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་འཐུས་མིར་བཞུགས་མོལ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

 ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས18པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས18པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་འགན་སྒྲུབ་ཀྱི་ངེས་སྦྱོང་བསླབ་ཚན་ཞིག་ཏུ་བརྩིས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འགན་སྒྲུབ་ནུས་པ། བྱ་བའི་སྤུས་ནུས་བཅས་ཇེ་མཐོར་གཏོང་བའི་ཐད་མངོན་པར་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། འཐུས་མི་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས། ལས་དོན་འགན་སྒྲུབ་དང་ཟུང་འབྲེལ་གྱིས་གཏམ་བཤད་སྤེལ། ཀྲའོ་ལི་ཅི་ཡིས་ནན་གྱིས་གསན་ནས་འཐུས་མི་དང་བརྗེ་རེས་ཟབ་མོ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་ལ། ཏང་ཀྲུང་དབྱང་གིས་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་བླངས་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ངོས་འཛིན་གང་ལེགས་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབ་ཐུབ་པ་བཅས་བྱེད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་གནས་བབ་གལ་ཆེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། དམངས་ཆེན་གྱི་འགན་ནུས་དང་འགན་འཁྲིར་རྐང་བཙུགས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”གཏན་འབེབས་དང་ལག་བསྟར་ཡག་པོ་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས།

ཀྲའོ་ལི་ཅིས་བསྟན་དོན། དམངས་ཆེན་འཐུས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཁྲིམས་གཏན་འགན་འཁྲི་ལག་བསྟར་བྱེད་དགོས་ལ། རང་ངོས་ཀྱི་ཆེད་ལས་ཁྱད་ཆོས་འདོན་སྤེལ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དངོས་གཉེར་ལག་བསྟར་ཐུབ་པའི་གྲོས་གཞིའི་བསམ་འཆར་དང་གྲོས་ཞིབ་བསམ་འཆར་འདོན་དགོས། སང་ལོར་ཚོགས་ཆེན་ཐོག་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ལ་ཞིབ་བཤེར་ཆོག་མཆན་འགོད་དགོས། དམངས་ཆེན་འཐུས་མིས་གཅིག་གྱུར་བཀོད་སྒྲིག་ལྟར། སློབ་སྦྱོང་གསབ་སྦྱོང་དང་། གཅིག་སྡུད་ལྟ་ཞིབ་སོགས་ཀྱི་བྱེད་སྒོར་ཞུགས་ནས། ཚོགས་ཆེན་གྱི་གྲོས་ཞིབ་ལ་ཞུགས་པར་གྲ་སྒྲིག་བཟང་བོ་བྱེད་དགོས།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་ལག་བསྟར་དོན་འཁྱོལ་ལ་སྣེ་ཁྲིད་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་རང་རེའི་ས་ཁུལ་དང་།ལས་རིགས། རང་རེའི་སྡེ་ཁག་བཅས་སུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ། སྤྱོད་གཙང་རང་གཅུན་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་སྣང་བརྙན་མངོན་པར་བྱེད་དགོས།

ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་།