
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བཟོ་བའི་སྐོར་གྱི་གྲོས་གཞི》ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་ལས་དོན་ཁག་སོ་སོ་ལེགས་པོར་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་ཚན་རིག་དང་མཐུན་པའི་ཁ་ཕྱོགས་བསྟན་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་པ་བྱ་རྒྱུའི་བསམ་པ་བསྟན།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ནི་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པ་ཞིག་རེད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་སྤོས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་འགོ་ཡག་པོ་བརྩམས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་བླངས་པས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་ཞུམ་མེད་འབད་འཐབ་བྱས་པའི་གྲུབ་འབྲས་རེད།
ནུབ་བྱང་བཟོ་ལས་སློབ་ཆེན་རྒྱུ་ཆའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ལེ་ལེ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་ལྔ་བོ་འདིའི་རིང་། རྒྱལ་ཁབ་ཆེན་པོའི་མཆོག་ནོར་རབ་དང་རིམ་པ་ཐོག་མའི་འཆར་འགོད་ནས་མངོན་འགྱུར་བྱུང་བ་དང་། ལྟེ་བའི་ལག་རྩལ་རེ་རེས་རྒྱལ་ཁབ་ཕྱིའི་བཀག་སྡོམ་ལས་ཐར། གྲུབ་འབྲས་འདི་དག་གི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དང་མཛུབ་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པས་ཡིན། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་རྩེ་གཅིག་ཏུ་དམིགས་ནས། རང་རྒྱལ་གྱི་རང་བརྟེན་གསར་གཏོད་བྱེད་ནུས་དང་རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།
ཧི་ནན་ཞིང་ཆེན་ཧྭ་རྫོང་སྔོ་ལྗང་གླིང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་པ་ལིའུ་ཚུའེ་ཞ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ང་ཚོས་བྱང་སྐར་ཕྱོགས་སྟོན་ལ་བརྟེན་ནས་མི་མེད་གནམ་གྲུས་རྨོ་འདེབས་དང་མི་མེད་གནམ་གྲུར་བརྟེན་ནས་ལུད་གཏོར་བ་མངོན་འགྱུར་བྱུང་སྟེ། ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལས་བྱུང་བའི་སྟབས་བདེ་དངོས་སུ་ཚོར་ཡོད། ཚང་འཛོམས་གྲོས་ཚོགས་ལས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་དགོས་པ་བསྟན་ཡོད་ལ། འདི་ལས་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད་པ་མཚོན་པས། ང་ཚོ་མུ་མཐུད་དུ་ཞིང་ལས་ལ་རྐང་ཚུགས་ནས། ཞིང་ལས་ཐོན་འབབ་དང་ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བར་བྱེད་དགོས།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཡུལ་ཚོ་སྲིང་འགག་སྡེ་བའི་སྡེ་མི་བཀྲ་ཤིས་ནོར་བུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་གནོད་ཐེབས་མང་ཚོགས་ཐུགས་སུ་བཟུང་ཡོད། མཇུག་བསྒྲིལ་མ་ཐག་པའི་ཚང་འཛོམས་གྲོས་ཚོགས་སྟེང་། ད་དུང་ཆེད་དུ་གནོད་ཐེབས་མང་ཚོགས་ཀྱིས་དགུན་དྲོན་མོ་ཞིག་སྐྱེལ་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་གསུངས་པས། ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡོད་པས། ང་ཚོར་ཕ་ཡུལ་བསྐྱར་སྐྲུན་ཡག་པོ་བྱ་རྒྱུའི་ཡིད་ཆེས་ཡོད་པ་དང་། ང་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་འགྲོ་ངེས་ཡིན།
རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཁུན་མིང་ཅུའུ་ཟོག་འདྲེན་པུའུ་ཡི་ཀྲུའུ་རིན་གཞོན་པ་ཐའོ་ཆང་གིས་བཤད་རྒྱུར། ད་ལོའི་ལོ་མཇུག་བར། ཀྲུང་ལའོ་ལྕགས་ལམ་གྱི“གསེར་ལྡན་བགྲོད་ལམ་ཆེན་པོ”འདི་འཁོར་སྐྱོད་བྱས་ནས་ལོ་བཞི་འགོར་བ་དང་། ལམ་རྒྱུད་ཀྱི་གྲོང་མིས་འགྲོ་འོང་སྟབས་བདེ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བསྒྱུར་བྱུང་བ་ངེས་པ་དོན་གྱིས་ཚོར་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་སྤྱི་འདོམས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བར་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོངས་བྱས་ཏེ། ཀྲུང་ལའོ་ལྕགས་ལམ་འཁོར་སྐྱོད་དང་སྲུང་སྐྱོབ་ལས་དོན་མུ་མཐུད་དུ་ཡག་པོར་བསྒྲུབས་ནས། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོའི་ངང་མཉམ་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།
རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ལས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བཟོ་རྒྱུའི་སྐོར་གྱི་གྲོས་གཞིའི》ནང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་ལས་དོན་སོ་སོ་ལེགས་པར་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར་ཚན་རིག་དང་མཐུན་པའི་ཁ་ཕྱོགས་བསྟན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བར་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས།
ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྲེན་མིང་ཆོན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི《གྲོས་གཞི》ནི་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་པའི་སྟེང་སྔར་ལས་ལེགས་པའི་རྒྱུགས་ལན་གསར་པ་ཞིག་སྤྲོད་དགོས།
ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ལེའང་ཅན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་གཏན་འབེབས་བྱས་པའི་“རྒྱུན་འཁྱོངས་དྲུག་”གི་རྩ་དོན་གལ་ཆེན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་མཚོན་ཡོད་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་སྒྲུབ་པར་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས།
བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་། ཚང་མས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བཀོད་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་དེ་ཨར་ལས་དཔེ་རིས་དང་ལམ་ཐིག་དཔེ་རིས་སུ་ཞིབ་ཕྲ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཧྥུའུ་ཅན་ཞིང་ཆེན་རྒྱ་མཚོ་དང་ཉ་ལས་ཅུའུ་ཡི་ཅུའུ་ཀྲང་ཡན་ཀྲི་ཧོང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་བཀོད་ཡོད་ལ། མི་སེམས་ལ་སྐུལ་མ་ཐེབས་པ་དང་ངོས་འཛིན་གཅིག་མཐུན་བྱུང་བས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཆང་བ་དང་། ཧྥུའུ་ཅན་རྒྱ་མཚོའི་དགེ་མཚན་ལ་གཞི་ཚུགས་པ། རྒྱ་མཚོའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་སྟེ། དཔལ་འབྱོར་ཞིང་ཆེན་ཆེན་མོའི་འགན་འཁྲི་ཆེན་པོ་འཁུར་བར་སྒུལ་ནུས་སྔར་བས་མང་བ་བསྣན་ཡོད།
ཧྲན་ཏུང་ཞིང་ཆེན་ལའེ་ཞི་གྲོང་ཁྱེར་ཧོ་ཐོའུ་ཏིན་གྲོང་རྡལ་གྱི་འགོ་གཙོ་ཀྲང་ཁྲིན་ཁྲེང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་ཟབ་མོ་ནི་ཁ་ཕྱོགས་གསལ་པོ་དང་ཡིད་ཆེས་ཆེན་པོ་ཡོད་པ་དེ་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། ང་ཚོས་ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཁྱད་ལྡན་ཐོན་ལས་ཞིབ་ཕྲ་རུ་བཏང་ནས། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་གྲངས་འཛིན་ཞིང་ལས་སོགས་ཁྱབ་ཁོངས་སུ་ཤུགས་བསྣན་ཏེ། མང་ཚོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས།
རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཐབ་ལམ་གསར་པའི་སྟེང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་མུ་མཐུད་དུ་གཏོད་དགོས།
པེ་ཅིང་གྲོང་ཁྱེར་ཞི་ཁྲིན་ཆུས་ཏང་ཨུའི་ཧྲུའུ་ཅི་ལིའུ་ཏུང་ཝེ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་བྱས་ནས་“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས། རྒྱལ་སའི་བྱེད་ནུས་ལྟེ་བའི་ཁུལ་ཡིན་པའི་ཆ་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། འབད་བརྩོན་ལྷོད་མེད་དང་རྒྱུན་མཐུད་འབད་འཐབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་མདུན་གྲལ་དུ་བསྐྱོད་རྒྱུ་ཡིན།
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཀྲེང་ཕིང་གིས་བཤད་རྒྱུར། མིག་སྔར། སྐབས་བརྒྱད་པའི་ནང་འདྲེན་དངོས་མང་འགྲེམ་ཚོགས་གྲ་སྒྲིག་བྱ་བ་དེ་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད། འགྲེམས་སྟོན་གྱི་རྒྱ་ཁྱོན་དང་འགྲེམས་ཞུགས་མངའ་ཁོངས། ཕྱིའི་ཁེ་ལས་ཀྱི་གྲངས་འབོར་སོགས་ཀྱི་དམིགས་ཚད་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་ལ་ཆེད་དམིགས་བཀོད་སྒྲིག་བྱས་ཏེ། ཀྲུང་གོས་སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པའི་བརྡ་རྟགས་དྲག་པོ་བཏང་ཞིང་། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་སྐབས་བརྒྱད་པའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ། འཛམ་གླིང་རྒྱལ་ཁབ་སོ་སོ་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱ་དགོས།