
ཟླ10པའི་ཚེས28ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་སྐྱོད་ལམ་གསར་པའི་སྟེང་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྟོབས་ཤུགས་ཆེན་པོ་སྔར་ལས་གཅིག་བསྡུས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ཁ་ཕྱོགས་གཏན་འཁེལ་དང་མི་རྣམས་ཀྱིས་འབད་འཐབ་བྱེད་པའི་སྟོབས་ཤུགས་བསྐྱེད་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་གྲོས་གཞི་ཡིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་ལས་འགན་ཐད་བཀོད་སྒྲིག་བྱས་ཡོད་པ་དང་། དེ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞེས་བསྟན།
གྲོས་ཚོགས་ལས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བརྩིས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས་བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སློབ་སྦྱོང་དང་སྒྲོག་འགྲེལ། དྲིལ་སྒྲོག་བྱེད་སྒོ་སྤེལ་བ། མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཁག་དང་ཚོགས་པ་སོ་སོ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པར་ཁྲིད་སྟོན་བྱེད་པ། བློ་བརྟན་འགྱུར་མེད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས་རང་འཁྲིའི་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་དང་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞིའི་བསམ་འཆར་ལ་དམ་དུ་དམིགས་པ། མཚོ་སྔོན་འཕེལ་རྒྱས་ཀྱི་དོན་ཆེན་ལ་ཞིབ་འཇུག་དང་དེའི་ཐད་བསམ་གཞིགས་ནན་མོ་གཏོང་བ་བཅས་བྱས་ནས་སང་ལོའི་གྲོས་མོལ་སྲིད་གླེང་གི་འཆར་གཞིར་འཆར་འགོད་ནན་མོ་བྱས་ཏེ་ཕྱིར་འདོན་དགོས། ཐོག་མཐའ་བར་གསུམ་དུ་ད་ལོའི་བྱ་བའི་ལས་འགན་སོ་སོ་ཡོངས་འགྲུབ་ལེགས་པོ་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་གྲ་སྒྲིག་བཟང་བོ་བྱེད་པ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སང་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་ནས་འགན་སྒྲུབ་བཟང་བོ་བྱེད་པར་གྲ་སྒྲིག་བྱེད་པའི་ཐད་ཞབས་འདེགས་ཞུས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་དང་ལག་བསྟར་བཟང་བོ་བྱེད་པ་དང་། སང་ལོའི་བྱ་བའི་མགོ་བཟང་བོ་རྩོམ་པ་དང་གོམ་པ་བཟང་བོ་སྤོ་བར་རོགས་འདེགས་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་གི་རང་ངོས་གསར་བརྗེའི་བླང་བྱ་དངོས་འབེབས་ནན་མོ་བྱེད་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་གྱི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་བ། སྒྲིག་འགལ་ཟ་འཐུང་དང་སྒྲིག་འགལ་ངང་ལེགས་སྐྱེས་དང་སྐྱེས་དངུལ་ལེན་པ། འགན་སྒྲུབ་བཟང་བོ་མི་བྱེད་པ་སོགས་ཀྱི་ཆེད་དོན་བཅོས་སྐྱོང་རྒྱུན་ཆད་མེད་པར་དམ་འཛིན་བཟང་བོ་བྱེད་པ། རྒྱུན་གཏན་རང་བཞིན་གྱིས་ཉེན་བརྡའི་སློབ་གསོ་སྤེལ་བ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་མཐའ་གཅིག་ཏུ་དམ་འཛིན་བཅས་བྱས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་བཟང་བོར་བརྟེན་ནས་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་ལྔ་པར་དམིགས་ནས་གཅིག་བསྡུས་སློབ་སྦྱོང་དང་བགྲོ་གླེང་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།