
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་སྒྲིལ་ཚོགས་འདུ་ལ་འགོ་འཛིན་མཛད། གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བྱས་པའི་མཚོ་ཐོག་ཚོང་དོན་བཅའ་ཁྲིམས་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན། གསར་དུ་བཟོ་བཅོས་བྱས་པའི་གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན། ཁོར་ཡུག་སྲུང་སྐྱོབ་ཁྲལ་དོན་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་ཞིང་། ཀྲང་ཧྲེང་མིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བ་དང་། ཧི་ཝུའེ་ཏུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ལས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད་འབྲེལ་ཡོད་རྒྱལ་སྤྱིའི་ཆིངས་ཡིག་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱ་རྒྱུར་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞི་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་འཐུས་མི་འགའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། ཧི་ཕིན་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་བ་དང་། སུན་ཧྲའོ་ཁྲི་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་བ། ཞ་ཀོང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་ལས་འཐེན་རྒྱུ་དང་། ཀྲའེ་ཝེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་བ། ཝང་ཀྲུང་མིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འདྲི་གཅོད་པ་བཅས་ལ་བསྐོ་བ་དང་། ཧི་ཞའོ་རུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐོར་སྐྱོད་ཁྲིམས་ར་བཞི་པའི་འགོ་གཙོ་བཅས་ཀྱི་གོ་གནས་ལས་འཐེན་རྒྱུ། ཀྲང་ཅིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་གོ་གནས་ལས་འཐེན་ནས་སུན་ཞིའུ་ཅུན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་བསྐོ་རྒྱུ་བཅས་ཐག་བཅད།
གྲོས་ཚོགས་ཐོག་ད་རུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ཐོག་འབྲེལ་ཡོད་བརྡས་ཐག་གཅོད་རྒྱུའི་བྱ་བ་བསྒྲུབས་རྗེས། ཀྲའོ་ལི་ཅི་ཡིས་གསུང་བཤད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། གྲོས་ཚོགས་ཐོག་ཟླ10པའི་ཚེས25ཉིན་དེ་ཐའེ་ཝན་ཕྱིར་བླངས་པའི་རྗེས་དྲན་ཉིན་མོར་གཏན་ཁེལ་བྱས་ནས་རྒྱལ་ཁབ་ཀྱིས་རྗེས་དྲན་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ཐག་བཅད། ཆོད་དོན་འདིས་ཐའེ་ཝན་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་བསམ་འདུན་དང་ཐུན་མོང་འདོད་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་ཅིང་། འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་པའི་གྲུབ་འབྲས་དང་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱེད་པའི་བློ་རྩ་བརྟན་པོ་མཚོན་ཡོད། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་མི་རིགས་ལོ་རྒྱུས་ཀྱི་དྲན་ཤེས་ཇེ་དྲག་ཏུ་གཏོང་བ། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་ཕྱིར་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་མ་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། བསམ་སྦྱོར་གཉིས་ཀ་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་དམངས་ཆེན་གྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་དམངས་ཆེན་གྱི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།
མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དགུ་པ་འཚོགས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།