
ཟླ10པའི་ཚེས28ཉིན། “འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། མཚོ་སྔོན་དང་ཨའོ་མོན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང”ཞེས་པ་བརྗོད་གཞི་ཡིན་པའི་མཚོ་སྔོན་དང་ཨའོ་མོན་གྱི་དཔལ་འབྱོར་ཉོ་འཚོང་བརྗེ་རེས་མཉམ་ལས་འོས་སྦྱོར་ཚོགས་འདུ་ཨའོ་མོན་དུ་བསྡུས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨའོ་མོན་གྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ། མཚོ་སྔོན་དང་ཨའོ་མོན་ས་ཁུལ་གཉིས་ཀྱི་ཁྱད་སྟོབས་ཐོན་ཁུངས་གནད་འཁེལ་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕོར་ཐི་ཀལ་གྱི་སྐད་བཀོལ་བའི་རྒྱལ་ཁབ་དང་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཧུ་ཧྭ་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཙོ་དོན་གཏམ་བཤད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུའུ་ཞི་གཞོན་པ་ཧི་ཧུ་ཧྭ་དང་ཨའོ་མོན་གྱི་ལས་རིགས་སོ་སོའི་མི་སྣས་དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་རྒྱལ་ཁབ་འཐབ་ཇུས་ཀྱི་གནས་ཡུལ་གལ་ཆེན་དང་རིན་ཆེན་གཏེར་མཛོད་ཡིན། གནས་འདི་ནི་ཆུ་ལས་མིང་དུ་གྲགས་པ་དང་། རི་ལས་མཛེས་སྡུག་ལྡན། རབ་མཛེས་ལས་བརྩེ་བ་ལྡན་པ་དང་། སྐྱེ་དངོས་སྣ་མང་ཅན་ལས་ངོ་མཚར་བར་མངོན། མི་གཞུང་ལས་བཀྲག་མདངས་མངོན་པ་དང་ཐོན་ཁུངས་ལས་འབྱོར་ཕྱུག་རྒྱས་ཡོད་ལ། སྒོ་འབྱེད་ལས་དཀྱེལ་ཡངས་ཅན་དུ་གྱུར་ཡོད། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་པའི་ཁ་ཕྱོགས་དང་བསྟུན་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད། སྐྱེ་ཁམས་ཀྱི་རིན་ཐང་མུ་མཐུད་དུ་མངོན་པར་བྱེད་པ་དང་། ཚུལ་སྒྱུར་གྱི་གོམ་སྟབས་བརྟན་ལ་སྟོབས་ཤུགས་ཆེ་བ། སྒོ་འབྱེད་ཀྱི་འགུལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། མཐོ་སྒང་གི་ཐོན་ཁུངས་ཀྱི་ནུས་ཁུངས་ཁྱད་སྟོབས་དེ་འགྲན་རྩོད་ཀྱི་ཁྱད་སྟོབས་སུ་བསྒྱུར་ནས། ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་དུས་སྐབས་ཡག་པོ་བསུས་ཡོང་།
ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། རྒྱལ་ཁབ་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། མཚོ་སྔོན་དང་ཨའོ་མོན་གྱི་མཉམ་ལས་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན་པས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྒྲོམ་གཞིའི་འོག་སྐམ་ས་དང་རྒྱ་མཚོའི་མཉམ་འགུལ་དང་། ཤར་ནུབ་ཕན་ཚུན་རོགས་རམ་བྱེད་པའི་གསོན་ཉམས་དོད་པའི་བསྡུས་གཟུགས་ཤིག་ཏུ་གྱུར་ཡོད། འགོ་རྩོམ་ས་གསར་པའི་སྟེང་། མཚོ་སྔོན་དང་ཨའོ་མོན་ས་ཁུལ་གཉིས་ཀྱི་མཉམ་ལས་མདུན་ལྗོངས་སྔར་ལས་ཆེན་པོ་ཡོད་པས། ལག་གདང་སྦྲེལ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། “ཁྱད་སྟོབས་གསབ་རེས”ནས“རིན་ཐང་མཉམ་བསྐྲུན”བར་གྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ལ། ཐོན་སྐྱེད་དང་ཕྱིར་ཚོང་གི་དྲ་རྒྱ་འཛུགས་པ་དང་། “ས་ཁོངས་ཀྱི་སྐུལ་འདེད”ནས“ཕྱི་ནང་མཉམ་འགུལ”གྱི་རྣམ་པ་གསར་པར་མངོན་འགྱུར་བྱེད་དགོས་ལ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་ནས“ཕན་ཚུན་ཤེས་རྟོགས”ནས་“ཕན་ཚུན་མཉམ་འདྲེས་དང་ཁྱད་སྟོབས་གསབ་རེས”བར་གྱི་རྣམ་པ་གསར་པ་འཛུགས་པ། ལྗང་མདོག་རྩིས་གློག་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་།“མཁོ་སྤྲོད་རོགས་སྐྱོར་ནས“མཐུན་སྦྱོར་ཤུགས་སྤེལ”བར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་དགོས། ཨའོ་མོན་གྱི་ཁེ་ལས་མཁས་ཅན་དང་ལས་རིགས་སོ་སོའི་གྲོགས་པོ་མཚོ་སྔོན་ལ་ཡོང་བ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། མཚོ་སྔོན་དུ་རྐང་འཛུགས་པ། མཚོ་སྔོན་དུ་ལས་སྤེལ་བྱེད་པ་བཅས་བྱས་ཏེ། རི་ཆུ་གཉིས་འཛོམས་དང་རྒྱན་ཐོག་རྒྱན་བརྩེགས་ཀྱི་དུས་རབས་གསར་པའི་རི་མོ་མཉམ་འབྲི་བྱེད་དགོས།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་འགོ་འཛིན་བྱས། ཨའོ་མོན་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ལུའེ་ཡུས་དབྱིན་ཚོགས་འདུར་ཞུགས་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དཔལ་འབྱོར་ནོར་སྲིད་སི་ཡི་སི་ཀྲང་ཏའེ་ཅན་ཡེ་དང་། ཀྲུང་གོ་དང་ཕོར་ཐི་ཀལ་གླེང་སྟེགས་རྒྱུན་སྡོད་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་ཅུས་ཞན་ཀྲིན་བཅས་ཀྱིས་ཤིས་ཚིག་ཕུལ། ཕོར་ཐི་ཀལ་དང་མོ་ཙམ་པི་ཁི། ཨན་ཀི་ལ་སོགས་ཕོར་ཐི་ཀལ་གྱི་སྐད་བཀོལ་བའི་རྒྱལ་ཁབ་ཀྱི་ཨའོ་མོན་དུ་སྡོད་པའི་གཞུང་ཚབ་ཁང་གི་འགན་ཁུར་བ་དང་། ཞང་ཀང་དང་ཨའོ་མོན་ས་ཁུལ་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འགའ། མཚོ་སྔོན་དང་ཨའོ་མོན་ས་ཁུལ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། ས་ཁུལ། སློབ་གྲྭ་བཅས་ཀྱི་འགན་ཁུར་བ། ཁེ་ལས160ལྷག་གི་འཐུས་མི་བཅས་ཚོགས་འདུར་ཞུགས།
ཐེངས་འདིའི་བྱ་འགུལ“རི་ཆུའི་འབྱུང་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཁུལ་བཙུགས་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གྲུབ་འབྲས་གསར་པ་མངོན། འོས་སྦྱོར་ཚོགས་འདུའི་རྗེས་སུ། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”རོལ་མྱོང་ཁྱབ་སྤེལ་བྱ་འགུལ་སྤེལ་ཏེ། གདོད་མ་དང་རྒྱལ་སྤྱིའི་ཅན་ཟུང་འབྲེལ་གྱི་ལྕེ་རྩེའི་གསོལ་སྟོན་གསར་སྐྲུན་བྱས། ཐོག་མའི་བསྡོམས་རྩིས་ལྟར་ན། སྐུལ་སྤེལ་བྱ་འགུལ་དེས་མཉམ་ལས་ལས་གཞི22ལ་སྐུལ་འདེད་བཏང་བ་དང་། གན་རྒྱ་བཞག་པའི་དངུལ་གྲངས་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ཡིན་ལ། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། རིག་གནས་ཡུལ་སྐོར། ཀྲུང་ལུགས་གསོ་རིག དངུལ་རྩ་སོགས་སུ་ཁྱབ་ཡོད།
ཤ་བོ་རིན་མཚོས་བསྒྱུར།