
ཟླ10པའི་ཚེས28ཉིན་ནས་ཚེས29ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དང་ནང་ཆེན་རྫོང་དུ་སོང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དྲིན་ཚོར་མདུན་སྐྱོད་བྱས་ཏེ། མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་ནུས་མཐོ་བའི་བཅོས་སྐྱོང་གི་བགྲོད་ལམ་དུ་ཡག་པོར་བསྐྱོད་དགོས་ཞེས་ནན་གྱིས་བསྟན།
སྟོན་མཇུག་གི་ཡུས་ཧྲུའུ་རུ་གྲང་ངར་ཅུང་ཆེ་ལ། གངས་རི་བརྗིད་ཉམས་ལྡན་པ་དང་རྩྭ་ཐང་ལྷིང་འཇགས་སེར་ཡོད། ཝུའུ་ཞའོ་ཅུན་ཡུས་ཧྲུའུ་གྲོང་ཁྱེར་སེང་མཛེས་སྲང་ལམ་སྡེ་དགུ་སྡེ་བ་རུ་སོང་ནས། གཞི་རིམ་ལས་བྱེད་དང་ཏང་ཡོན། མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་བསྡད་དེ། ངོས་འཛིན་དང་འཕེལ་རྒྱས་ཀྱི་སྐོར་གླེང་བ་དང་། མ་འོངས་པར་འཆར་འགོད་བྱས་ཏེ་ཚང་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། ཚོགས་འདུའི་སྟེང《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཕྱོགས་གནས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཡོད། ཡུས་ཧྲུའུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བཞིན་པའི་ས་ཆ་ཡིན་ལ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་ཁྱིམ་གཞིས་བསྐྱར་སྐྲུན་དང་པེ་ཅིང་གི་ཁ་གཏད་རོགས་སྐྱོར་འོག ཚང་མའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གྱུར་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ཆེས་ལེགས་པའི་བདེན་དཔང་རེད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོར་བརྩིས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཚན་རྩལ་གྱི་དཔེ་སྟོན་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས་ ཐོན་ཁུངས་ཀྱི་ནུས་པ་དེ་འཕེལ་རྒྱས་ཀྱི་ཁེ་ཕན་དུ་བསྒྱུར་དགོས། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་བཟང་བོ་བྱས་ཏེ། ལྗང་མདོག་འཚོ་བ་དར་སྤེལ་གཏོང་བ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དོན་འཁྱོལ་བྱས་ནས་སྐྱེ་ཁམས་ཀྱི་རིན་ཐང་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་པ་དང་སྤྱི་པའི་ཞབས་ཞུ་མཐོར་འདེགས་སུ་གཏོང་བ། དམངས་ཚིས་དོན་དག་ཡག་པོར་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ལ་སྔར་ལས་ལེགས་པོའི་འཚོ་བ་རོལ་དུ་འཇུག་དགོས། གཞི་རིམ་གྱི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་དང་ཆོས་ལུགས་འཆམ་མཐུན་འཕེལ་རྒྱས་ཡོང་བ་དང་། དཔལ་ཡོན་ཡུལ་སྲོལ་ལ་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “འགོ་ཁྲིད་ཚན་ཁག་གིས་ཁྲིད་སྟོན་བྱེད་པ་དང་ཏང་ཡོན་གྱི་སྣེ་ཁྲིད་ནས་སྒྲུབ་པ། མང་ཚོགས་ཀྱིས་རྗེས་སུ་འབྲངས་ནས་སྒྲུབ་པའི”གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
རྟོག་ཞིབ་ཁྲོད། ཝུའུ་ཞའོ་ཅུན་ཡུས་ཧྲུའུ་ཁུལ་དར་དམར་སློབ་གྲྭར་ཡོང་ནས། སློབ་གྲོགས་རྣམས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། སློབ་སྦྱོང་བཟང་བོ་བྱས་ཏེ་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་པའི་སྐུལ་མ་བཏང་། ནང་ཆེན་རྫོང་རྫ་ཆུའི་དྲ་དབྱིབས་ཆུ་རྒྱུད་ལྟ་ཞིབ་གནས་སུ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་རྒྱུན་ལྡན་གྱི་སྐོར་སྲུང་གནས་ཚུལ་ཞིབ་མོར་དྲིས་ནས། འགོ་ཁུངས་ཀྱི་འགན་འཁྲི་བརྟན་པོར་འཁུར་པ་དང་། གཙང་བོ་དང་མཚེའུ་ཡི་སྐྱེ་ཁམས་བཅོས་སྐྱོང་དང་དེ་མིན་གཏེར་རི་རྙིང་པ། གད་སྙིགས་སྦས་ར། བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས་ཀྱི་བཅོས་སྐྱོང་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མུ་མཐུད་དུ་བརྟན་པོར་བསྐྲུན་དགོས་པ་ནན་གྱིས་བསྟན། ནང་ཆེན་རྫོང་ཞན་ཀུན་ཐོན་ལས་འཕེལ་རྒྱས་རྟེན་གཞི་རུ། ཁེ་ལས་ཀྱི་འགན་འཁུར་པར་ཐོན་རྫས་ཀྱི་ཕན་ནུས་སྔོག་འདོན་ཧུར་ཐག་བྱེད་པ་དང་། ལག་རྩལ་གསར་སྤེལ་ཡག་པོ་བྱེད་པ། ཁྲོམ་རའི་འཚོང་ལམ་རྒྱ་ཆེར་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་བྱས་ཏེ་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས། ཝུའུ་ཞའོ་ཅུན་ནང་ཆེན་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། ཐང་ཆིན་ཡུང་བཀོད་སྒྲིག་ས་ཚིགས། ཡུས་ཧྲུའུ་གྲོང་ཁྱེར་རག་ཤེད་ཞོལ་མ་གྲོང་རྡལ་ལུང་ཤིས་དགོན་དུ་བསྐྱོད་དེ་ལས་བྱེད་མི་སྣ་ལ་ཉམས་མྱོང་དང་བྱེད་སྟངས་ཡག་པོ་ཕྱོགས་བསྡོམས་ནན་ཏན་བྱས་ནས། དམངས་ཀྱི་ཆེད་དུ་དོན་དག་ཡག་པོ་བསྒྲུབ་ཏེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས་པའི་མངག་བཅོལ་བྱས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ་དང་དགོན་པར་སྡོད་པའི་ལས་བྱེད་པ། གྲྭ་བཙུན་བཅས་ཀྱིས“འདུ་ཤེས་གསུམ”སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་བྱས།
པད་གོ་གོང་གསལ་བྱ་འགུལ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།