
ཟླ10པའི་ཚེས30ཉིན། 2025ལོའི་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གླེང་སྟེགས་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གླེང་སྟེགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཉེ་བའི་ལོ་འདི་འགར། རང་ཞིང་གིས་རྒྱལ་ཁབ་ཀྱི་ནུས་ཁུངས་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་བཟང་བོ་སྔོག་འདོན་གང་ལེགས་བྱས་ནས། ནུས་ཁུངས་འདོན་སྤྲོད་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས། རྒྱལ་ཡོངས་སུ་ནུས་ཁུངས་གསར་པའི་འཕྲུལ་ཆས་སྒྲིག་སྦྱོར་དང་གློག་འདོན་ཚད་གཉིས་སྔོན་ལ་མངོན་འགྱུར་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་བཅུ་དྲུག་ལ་བསྡོམས་པས་ལྗང་གློག་སྟོང་ཝ་ཐེར་ཆེན་དགུ་བསྐྱལ། ཐོན་ལས་འཕེལ་རྒྱས་སྟེང་། བཟོ་ལས་ཀེལ་དང་། ཤེལ་མང་ཀེལ། ཤེལ་རྐྱང་ཀེལ། གཏུབ་ལྷེབ། གློག་རྡེའུ་བཅས་འདུ་བའི་འཛུགས་གྲུབ་དང་གློག་འདོན་ས་ཚིགས་བསྐྲུན་པའི་ཕྲེང་འབྲེལ་ཧྲིལ་བོའི་ཐོན་རིན་ཐེར་ཆེན་ལས་བརྒལ་བའི་ཐོན་ལས་ཁྱུ་ཚོགས་བཙུགས། ནུས་ཁུངས་གསར་པའི་བཟོ་སྐྲུན་ཁེ་ལས་བཞི་བཅུ་ལྷག་གིས་མཚོ་སྔོན་དུ་དངུལ་གཏོང་བྱས་ཏེ། རྒྱལ་ཡོངས་ཀྱི་མདུན་གྲལ་བཅུའི་ཁྲོད་ཀྱི་འོད་ནུས་བཟོ་སྐྲུན་ཁེ་ལས་ལྔ་མཚོ་སྔོན་དུ་རྩ་བ་ཚུགས་ནས། ཐོན་ལས་ཕྲེང་འབྲེལ་ནུས་པ་ཤུགས་དྲག་ཏུ་གཏོང་བའི་རྣམ་པ་བཟང་པོ་མངོན་ཡོད། དུས་མཉམ་དུ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་སྔོན་ལ་བསྐྲུན་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་དེ་མཚོ་སྔོན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་མཚོན་རྟགས་གསལ་བོ་ཞིག་ཏུ་གྱུར་ཡོད།
ཐེངས་འདིའི་གླེང་སྟེགས་གྱི་བརྗོད་བྱ་ནི་དག་གཙང་ནུས་ཁུངས་གཅིག་སྡུས་ཀྱིས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་ཞེས་པ་དེ་ཡིན་ལ། མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་དང་། ཀྲུང་གོའི་ནུས་ཁུངས་ཞིབ་འཇུག་ཁང་གིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་བསྐྲུན་པ་བརྗོད་སྙིང་དུ་བཟུང་ཡོད། གླེང་སྟེགས་ལས་གཙོ་དོན་གཏམ་བཤད་དང་བརྗོད་དོན་གླེང་མོལ་གྱི་ལས་རིམ་བཀོད་སྒྲིག་བྱས་ཡོད། རྒྱལ་ནང་གི་ཆེད་ལས་མཁས་པ་དང་ཤེས་ཡོན་པ། ནུས་ཁུངས་སྣེ་ཁྲིད་ཁེ་ལས་དང་ཞིབ་འཇུག་ལས་ཁུངས་ཀྱི་འཐུས་མིས་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དག་གཙང་ནུས་ཁུངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲོག་ཤིང་ལས་འགན་དང་དམ་དུ་སྦྲེལ་ཞིང་། ལག་རྩལ་འགག་སྒྲོལ་དང་ཐོན་ལས་མཐུན་སྦྱོར། རྐྱེན་སྲོལ་གསར་གཏོད་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་སྡུར་ཞིབ་མོ་བྱས་ཏེ། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཛུགས་སྐྲུན་གྱི་སྤུས་འདེགས་ནུས་སྤེལ་ཐད་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།