
ཟླ10པའི་ཚེས31ཉིན། ཞིན་ཧྭ་སྡེ་ཚོགས་གསུམ་པའི“མཚོ་སྔོན་ཐུའུ་ལིན་གྲོང་རྡལ་ཆུང་བའི”ལས་གཞི་འགོ་རྩོམ་པའི་བྱ་འགུལ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་བྱ་འགུལ་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་བཀོད་སྒྲིག་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ། ཞིན་ཧྭ་སྡེ་ཚོགས་གསུམ་པའི“མཚོ་སྔོན་ཐུའུ་ལིན་གྲོང་རྡལ་ཆུང་བ”བདེ་བླག་ངང་འགོ་བརྩམས་པ་དང་། དེ་ནི་མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབ་བྱས་ཏེ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་དང་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “ཤར་གྲངས་ནུབ་རྩིས”ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་ཧུར་ཐག་བྱེད་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་ནས། ནུས་ཤུགས་ཡོད་རྒུས་ནུབ་རྒྱུད་དུ་གཞི་ཚུགས་པ་དང་། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ནུས་ཀྱི་འཐབ་ཇུས་མཐོ་ས་བསྐྲུན་དགོས།
ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མིག་སྔར། གཞི་གྲངས་དཔལ་འབྱོར་དེ་འཛམ་གླིང་གི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བསྐྱར་སྒྲིག་དང་། འཛམ་གླིང་གི་དཔལ་འབྱོར་གྲུབ་ཚུལ་བསྐྱར་དུ་བསྐྲུན་པའི་འགག་རྩའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད་པ་དང་། ལྗང་མདོག་རྩིས་ནུས་ནི་གཞི་གྲངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་སྒུལ་ཤུགས་སུ་གྱུར་ཡོད། ཞིན་ཧྭ་སྡེ་ཚོགས་གསུམ་པའི“མཚོ་སྔོན་ཐུའུ་ལིན་གྲོང་རྡལ་ཆུང་བ”དེ་རྒྱལ་ཡོངས་ཀྱི་ལྗང་མདོག་གི“ཐུའུ་ལིན་གྲོང་རྡལ་ཆུང་བ”ཐོག་མ་ཡིན་པས། མཚོ་སྔོན་གྱི་མི་ཐབས་རིག་ནུས་ཐོན་ལས་ཕྲེང་འབྲེལ་སྟོད་རྒྱུད་དང་བར་རྒྱུད། སྨད་རྒྱུད་ཀྱི་ཁེ་ལས་གཅིག་བསྡུས་དང་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པ་དང་། AIཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་གསར་གཏོད་མ་ལག་མགྱོགས་མྱུར་ངང་འཛུགས་པ། མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་ཆེད་རེད། མཚོ་སྔོན་གྱིས་སྲིད་ཇུས་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་པ་དང་ཞབས་ཞུའི་འགན་སྲུང་ཡག་པོ་བྱས་ཏེ། གཞི་གྲངས་སྲིད་གཞུང་དང་གཞི་གྲངས་སྤྱི་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་དུ་བསྐྲུན་ནས། ཧུར་ཐག་གིས་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཞུགས་སུ་འཇུག་དགོས་ལ། རྒྱ་ཆེའི་ཁེ་ལས་རྣམས་ཀྱིས་མཚོ་སྔོན་གྱི་གཞི་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས། ལྗང་མདོག་རྩིས་གློག་གི་ཐོན་ལས་ཕྲེང་འབྲེལ་བསྐྲུན་པ་དང་། མགྱོགས་མྱུར་སྒོས་ལྗང་མདོག་རྩིས་གློག་མཐུན་སྦྱོར་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་གྱི་ཐད་བྱས་རྗེས་གསར་པ་འཇོག་དགོས།
ཞིན་ཧྭ་སྡེ་ཚོགས་གསུམ་པའི་ཙུང་ཚའེ། དབུ་བཞུགས་ལག་བསྟར་དཔོན་ཡུས་དབྱིན་ཐའོ་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་དང་། ཞིན་ཧྭ་སྡེ་ཚོགས་གསུམ་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཀྲང་ལི་གཉིས་ཀྱིས་ཞིང་ཆེན་སྲིད་གཞུང་དང་ཞིན་ཧྭ་སྡེ་ཚོགས་གསུམ་པའི་ཚབ་བྱས་ཏེ་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད། ལུའོ་ཏུང་ཁྲོན་དང་ཡུས་དབྱིན་ཐའོ་ཡིས་མཉམ་དུ་གན་རྒྱ་འཇོག་པར་བདེན་དཔང་བྱས།
ཤ་བོ་རིན་མཚོས་བསྒྱུར།