ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

ཟླ10པའི་ཚེས31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།  གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་དང་ལམ་ལུགས་ཅན་གྱི་སྒོ་འབྱེད་རྒྱ་སྐྱེད་གཏོང་བའི་བྱ་བར་ཞིབ་འཇུག་བྱས་ལ། ཡུལ་རྣམ་སྐྱེད་སྲིང་དང་སྒོ་འབྱེད་ཀྱིས་ཡུལ་རྣམ་གསར་པ་གཞི་ཁྱོན་ཆེན་པོས་ཉེར་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་བཀོད་སྒྲིག་དང་། 《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།  ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་ཁྲིད་བྱེད་པ། ཚོང་རྫས་དང་ཚོང་རའི་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཞབས་ཞུའི་ཁྲོམ་རར་ཞུགས་འཐུས་སྒྲིག་སྲོལ་ལེགས་སྒྱུར་བྱེད་པ་དང་། རྒྱུ་ཆ་གཙོ་བོའི་ཚོང་རའི་སྒོ་འབྱེད་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། རང་བདག་སྒོ་འབྱེད་ཧུར་ཐག་གིས་རྒྱ་བསྐྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་རླིང་ངང་རྒྱ་ཆེ་རུ་གཏོང་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁ་སོགས་ནུས་རིམ་མཐོ་བའི་སྒོ་འབྱེད་ལས་སྟེགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་དོ་སྣང་དང་། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་བཅོས་སྒྱུར་གྱི་གྲུབ་འབྲས་སྔར་ལས་མང་པོ་འཚོལ་ཞིབ་བྱས་ཏེ། ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཉེར་སྤྱོད་ཡུལ་རྣམ་ནི་ལག་རྩལ་དང་ཐོན་ལས་ལ་སྦྲེལ་མཐུད་དང་། ཞིབ་འཇུག་གསར་སྤེལ་དང་ཁྲོམ་ར་བཅས་སྦྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་པས། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་གཞི་ཁྱོན་ཅན་དང་ཚོང་ལས་ཅན་གྱི་ཉེར་སྤྱོད་ལ་ཡར་སྐུལ་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན། རང་རྒྱལ་གྱི་གཞི་ཁྱོན་ཚད་བརྒལ་ཁྲོམ་ར་དང་ཉེར་སྤྱོད་ཡུལ་རྣམ་ཕུན་སུམ་ཚོགས་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས། འདོན་སྤྲོད་ཕྲེང་འབྲེལ་ལ་དོ་སྣང་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་མདུན་གྲལ་དང་ལག་རྩལ་གལ་ཆེན་འགག་སྒྲོལ་གྱི་དགོས་མཁོར་ཁ་ཕྱོགས་ཏེ། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་རྣམ་པ། རིན་ཐང་མཐོ་ལ་བཅད་ཁ་ཆུང་བའི་ཡུལ་རྣམ། ས་ཁོངས་དང་ཁྱབ་ཁོངས་བརྒལ་བའི་ཕྱོགས་བསྡུས་ཡུལ་རྣམ་སྐོར་ཞིག་སྔོན་ལ་བཀོད་སྒྲིག་བྱ་དགོས། ཡུལ་རྣམ་ཐོན་ཁུངས་སྒོ་འབྱེད་དང་། ཀྲུང་གོའི་ཚོད་ལྟའི་ལག་ཁྱེར་གསར་གཏོད་བྱེད་པ། ཚོང་ལས་ཀྱི་རྣམ་པ་འཚོལ་ཞིབ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་ནས། ལག་རྩལ་གྱི་འགག་སྒྲོལ་ནས་ཐོན་ལས་ཉེར་སྤྱོད་བར་གྱི་བརྒྱུད་རིམ་ཧྲིལ་བོ་གྲུབ་པར་ཡར་སྐུལ་བྱ་དགོས།

བཅོས་བསྒྱུར་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་རྣམ་པ་གསར་པ་སྔར་ལས་མང་པོ་གསོ་སྐྱོང་བྱ་དགོས། རྨང་གཞིའི་སྒྲིག་བཀོད་དང་ལས་སྟེགས་སོགས་“མཁྲེགས་ཆས་འཛུགས་སྐྲུན་”ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྲོལ་དང་། ལམ་ལུགས། སྲིད་ཇུས་སོགས་“མཉེན་ཆས་འདེགས་སྐྱོར་”ཡག་པོ་བྱ་དགོས། སྡེ་ཁག་སོ་སོའི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ལྟ་སྐུལ་དོ་དམ་ལམ་སྲོལ་གྱི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་གཏོད་དགོས།

ཚོགས་འདུ་ལས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་བར་གློ་བུར་རང་བཞིན་ཆེ་ལ། གཏོར་བཤིག་རང་བཞིན་དང་ཉེན་ཁ་ཡང་ཆེ་བས་མ་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་དགོས་ལ། འགན་འཁྲི་སྔར་ལས་ཏན་ཏིག་དང་བྱེད་ཐབས་ཞིབ་ཕྲ་བཟོས་ནས་མེ་གསོད་མེ་འགོག་གི་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་ལ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་བ་ཇེ་ཆེར་གཏོང་ཇི་ཐུབ་བྱ་དགོས། སྔ་མོ་ནས་ཤེས་རྟོགས་ཐུབ་པ་དང་སྔ་མོ་ནས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཙོ་གནད་དུས་མཚམས་དང་གཙོ་གནད་ས་ཁོངས་ལ་དམིགས་ནས་ཞིབ་བཤེར་སྐོར་ཞིབ་དང་སྐོར་སྲུང་ལ་ཤུགས་བསྣོན་དགོས། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་ཁྱབ་རྒྱ་དང་གནད་ལ་འཁེལ་ཚད་ཇེ་མཐོར་གཏོང་དགོས། རྒྱུན་རྣམ་ཅན་གྱིས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་བཏང་སྟེ་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་དགོས།

ཚོགས་འདུ་ལས་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།