རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་ཚོགས་འགོ་བརྩམས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཚེས31ཉིན་གྱི་སྔ་དྲོར། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས། 

ཚེས31ཉིན་གྱི་སྔ་དྲོར། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་པེ་ཅིང་དུ་ཚོགས་འགོ་བརྩམས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གདན་ཞུ་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་པ་མ་ཟད་སྙན་ཞུ་ཕུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་རྩོམ་ཚོགས་འདུར་འགོ་འཛིན་མཛད།

ལི་ཆང་གིས་སྙན་ཞུ་ལས་གསུང་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་ཧ་ཅང་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་མིན་པ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་འཐོབ་པར་སྐུལ་འདེད་བཏང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་དམ་འཛིན་བརྟན་པོ་བྱས་ཏེ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་སོ་སོ་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་དགོས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་ནང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ་འཆར་འགོད་རྩ་གནད་ལེགས་པོར་བཟོ་བ་དང་། སྲིད་ཇུས་བྱེད་ཐབས་དང་བྱ་བའི་འཇུག་སྒོ་ཞིབ་ཕྲ་བཟོ་དགོས། རྒྱལ་ཡོངས་སྲིད་གྲོས་ལ་འཇོན་མི་ཕུན་སུམ་ཚོགས་པ་ཡོད་པས། ཚང་མས་འཆར་འགོད་རྩ་གནད་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་བཟོ་བྱེད་པའི་ཐད་བསམ་འཆར་རྩ་ཆེན་མང་ཙམ་བཏོན་ནས་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད།

ཝང་ཧུའུ་ཉིང་གིས་འགོ་འཛིན་གསུང་བཤད་ལས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པའི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྐྱོད་ལམ་གསར་པར་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། གནས་བབ་དང་བསྟུན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཡང་བསྐྱར་གྱི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་བྱེད་ཐེངས་ཞིག་ཀྱང་ཡིན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་སྙན་ཞུ། གསལ་བཤད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གྲོས་གཞི་དང་སྤྱི་བསྒྲགས་བཅས་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་དང་བསམ་གཞིག་ནན་ཏན་གཏོང་བ། གྲོས་མོལ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་བསམ་སྦྱོར་གཉིས་ཀ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་གིས་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པའི་བྱ་བའི་བཀོད་སྒྲིག་དང་བླང་བྱའི་སྟེང་གཅིག་གྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

འགོ་རྩོམ་ཚོགས་འདུའི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྐྱེ་དངོས་སྨན་རྫས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་ལས་ཞུགས་རྣམ་པ་གསར་པ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ཇེ་ཟབ་ཏུ་གཏོང་བ། ཕྱི་ཕྱོགས་དངུལ་གཏོང་དོ་དམ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ལ་རྟོག་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཏུང་ཧྥུང་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིའི་ཐད་སྙན་ཞུ་ཕུལ་བ་དང་གསལ་བཤད་བྱས།