
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་དུ་བསྐྱོད་དེ་ལས་བྱེད་མང་ཚོགས་དང་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲེན་མིན་ཨེར་གྱིས་ཟླ10པའི་ཚེས31ཉིན་ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཁྲེན་མིན་ཨེར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་སོགས་ཀྱི་ཕྱོགས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་རྒྱས་འགྲེལ་དང་གསལ་འགྲེལ་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་མིན་ཨེར་གྱིས་བཤད་རྒྱུར། ལོ་ལྔའི་རིང་གི་ལས་ཀ་དང་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་གཉིས་ཀྱི་གནས་བབ་གསར་པར་གཅིག་གྱུར་འཆར་འགོད་བྱས་ཏེ། ངོ་མཚར་བའི་ལེའུ་གསར་པ་གཉིས་མུ་མཐུད་དུ་བརྩམས་པ་དང་། གསར་བརྗེ་ཆེན་པོ་གཉིས་ཀྱི་འཕེལ་རིམ་གསར་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་རེད། ང་ཚོའི་རིམ་པ་སོ་སོའི་ལས་བྱེད་པར་ཁ་ཕྱོགས་དང་ལས་འགན་སྒྲུབ་སེམས་ཡོད་ལ། གྲུབ་འབྲས་ཐོབ་པའི་ཚོར་སྣང་ཡང་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལྷག་ཏུ་ཡོད།
ཁྲེན་མིན་ཨེར་ད་དུང་བཟོ་གྲྭ་དང་ཁེ་ལས་སུ་བསྐྱོད་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་སྒྲོག་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕེང་གིས་ཟླ10པའི་ཚེས30ཉིན་རྒྱལ་ཁབ་སློབ་གསོ་སྲིད་འཛིན་སློབ་གླིང་དུ་སྒྲོག་བཤད་སྙན་ཞུ་ཕུལ། ཧོའེ་ཅིན་ཕེང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་ཡང་དག་སྒོས་ཁོང་དུ་ཆུད་པར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་སྐོར་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་བརྒྱུད་རིམ་ལྡན་པའི་རྒྱས་འགྲེལ་དང་གསལ་འགྲེལ་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕེང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཤིང་། དཀའ་སྤྱད་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱས་པ་དང་། འགྲན་སློང་གལ་ཆེན་རབ་དང་རིམ་པ་བརྒྱུད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་དང་ལས་འགན་ངོས་འཛིན་བྱ་དགོས་ལ། མི་དམངས་ཡིད་ཚིམ་པའི་སློབ་གསོ་དོན་དམ་པར་ལེགས་པོར་བསྒྲུབ་ཏེ། ཀྲུང་གོའི་སློབ་གསོས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་ཐུབ་པར་བྱེད་དགོས།
ཧོའེ་ཅིན་ཕེང་ད་དུང་རྒྱལ་ཁབ་སློབ་གསོ་སྲིད་འཛིན་སློབ་གླིང་དུ་བསྐྱོད་དེ། གཞི་རིམ་གྱི་སློབ་གསོའི་ལས་བྱེད་མི་སྣ་དང་དགེ་རྒན་གྱི་འཐུས་མི་དང་བརྗེ་རེས་བྱས།