

ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོར། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་གནང་བར་མ་ཟད་གསུང་བཤད་གནང་།
སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་ཚེས1ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་གནང་བར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”གཏན་འབེབས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་སེམས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་དམ་འཛིན། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ལ་མུ་མཐུད་དུ་ཤུགས་སྣོན་དགོས་ཤིང་། ཕྱོགས་ཡོངས་ནས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དམ་འཛིན་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་དམ་འཛིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་གནས་བབ་དང་ཁོར་ཡུག་དམ་འཛིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ་དམ་འཛིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་དམ་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དམ་འཛིན་བཅས་བྱས་ཏེ། བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྲིད་གྲོས་ཀྱི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་མངོན་པ་དང་དོན་འཁྱོལ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ཞིབ་འཇུག་འཆད་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་འབྲེལ་མཐུད་བྱས་པའི་ལས་རིགས་མི་འདྲ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་འབད་འབུངས་ཀྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས།
གྲོས་ཚོགས་ཐོག《སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ160འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་རེད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། བློ་མཐུན་ཀྲང་ཅུན་ཁའོ་ཡིས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་འཁུར་རྒྱུ་མིན་པ་དང་། བློ་མཐུན་དབྱི་ཀང་གིས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་འཁུར་རྒྱུ་མིན་པ། བློ་མཐུན་ཀྲང་ཐའོ་ལིན་གྱིས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ། བློ་མཐུན་ཀྲང་ཅེ་དང་ཚའོ་ཝེ་ཞིན་གྱིས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ། བློ་མཐུན་ཁྲེན་གོ་ཆིན་གྱིས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ། བློ་མཐུན་ཝང་རུང་དང་ཁྲེན་ཡོན་ཧྥིན་གཉིས་ཀྱིས་ཞང་ཀང་དང་། ཨའོ་མོན། ཐའེ་ཝན། ཕྱིར་སྡོད་རང་མི་བཅས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ། བློ་མཐུན་སུའེ་ཅུན་གྱིས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་འཁུར་པ་བཅས་རེད། ཚོགས་འདུའི་ཐོག་བློ་མཐུན་ཧྥུའུ་ཞིན་གོ་ཡི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་གོ་གནས་ལེན་པ་དང་ཨུ་ཡོན་གྱི་འགན་མི་འཁུར་བའི་དགོངས་ཞུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ཐོག་དབྱི་ཧུའེ་མན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་སྡོད་ཀྲུའུ་རིན་གཞོན་པའི་གོ་གནས་ལེན་པར་མ་ཟད་དེའི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་རྗེས་འདེད་ཁས་ལེན་བྱས།
གྲོས་ཚོགས་མཇུག་སྒྲིལ་རྗེས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ཚན་ཁག་གི་ཨུ་ཡོན་ཚའེ་ཧྥང་གིས་གདན་ཞུས་ལྟར་ཁ་བྱང་ལ“མི་འབོར་རྒས་འགྱུར་ཅན་དང་ཀྲུང་གོའི་འཕེལ་རྒྱས”ཞེས་པའི་སློབ་སྦྱོང་འཆད་ཁྲིད་བྱས།