ཧན་ཀྲིན་གྱིས་སོ་ཏི་ཨ་རབ་ལ་འཚམས་འདྲི་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཟླ10པའི་ཚེས28ཉིན་ནས་ཟླ11པའི་ཚེས1ཉིན་བར། སོ་ཏི་ཨ་རབ་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སོ་ཏི་ཨ་རབ་ལ་འཚམས་འདྲི་གནང་། འདི་ནི་ཟླ10པའི་ཚེས29ཉིན། ཧན་ཀྲིན་གྱིས་རི་ཡ་ཏེ་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་མོ་ཧན་མོ་ཏི་ལ་མཇལ་འཕྲད་གནང་བའི་རྣམ་པ་རེད། 

ཟླ10པའི་ཚེས28ཉིན་ནས་ཟླ11པའི་ཚེས1ཉིན་བར། སོ་ཏི་ཨ་རབ་སྲིད་གཞུང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སོ་ཏི་ཨ་རབ་ལ་འཚམས་འདྲི་གནང་ནས། རི་ཡ་ཏེ་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་མོ་ཧན་མོ་ཏི་ལ་མཇལ་འཕྲད་གནང་ཞིང་། འབྱུང་འགྱུར་དངུལ་གཏོང་གྲོས་འདོན་ཚོགས་ཆེན་སྐབས་དགུ་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་རྒྱལ་པོ་སཱ་ལེ་མན་དང་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏི་ལ་བརྒྱུད་སྒྲོག་གནང་། ཧན་ཀྲིན་གྱིས་བསྟན་དོན།འབྲེལ་བ་བཙུགས་པའི་ལོ་ངོ35རིང་དང་། ལྷག་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་གནང་བའི་ཚུན་ལ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་གསར་པ་བྱུང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ཀྲུང་གོའི་ཕྱོགས་ཡོངས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བརྡ་རྟགས་གསལ་པོ་བསྟན་ལ། དེས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ལ་གོ་སྐབས་རྩ་ཆེན་མཁོ་འདོན་བྱ་ངེས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པ་དང་། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེ་རུ་གཏོང་བ། མི་གཞུང་བརྗེ་རེས་རྒྱ་ཆེར་སྤེལ་བ་བཅས་བྱས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྟེགས་བུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

མུའུ་ཧན་མོ་ཏི་ཡིས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུས། མུའུ་ཧན་མོ་ཏིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཞིག་ཡིན་ལ། སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འབྲེལ་བ་བརྟན་པོ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་ཡོད་ཅིང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། མི་ཐབས་རིག་ནུས། བསྐྱར་སྐྱེ་ནུས་ཁུངས། གཏེར་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལང་བར་གྱི་འདུམ་འགྲིག་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཕ་ལེ་སི་ཐན་གྱི་གནད་དོན་ཐད་དྲང་གཞག་གི་ལངས་ཕྱོགས་བཟུང་སྟེ། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་ཆེད་ནུས་པ་སྔར་བས་ཆེན་པོ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

འབྱུང་འགྱུར་དངུལ་གཏོང་གྲོས་འདོན་ཚོགས་ཆེན་སྐབས་དགུ་པར་ཞུགས་སྐབས། ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཅས་བཏོན་ཏེ། རྒྱལ་ཁབ་ཁག་གི་ཞི་བདེ་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།

ཧན་ཀྲིན་གྱིས་གྲོས་གཞི་བཞི་བཏོན་པ་སྟེ།  གཅིག་ནི་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་སྟེ།  འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ་དང་། འཛམ་གླིང་དཔལ་འབྱོར་གྱི་ལྗང་མདོག་ཐཱན་ཉུང་རིགས་སྒྱུར་ལ་སྐུལ་འདེད་གཏོང་དགོས།  གཉིས་ནས་སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་སླར་གསོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ཐད་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་མང་བ་སྣོན་དགོས།  གསུམ་ནས་མི་རྩ་བར་འཛིན་རྒྱུ་དར་སྤེལ་བཏང་ནས། ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པ་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། བཞི་ནས་འདུ་ཤེས་གཅིག་མཐུན་དུ་གཏོང་བ་དང་། མཐུན་སྒྲིལ་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས།

སོ་ཏི་ཨ་རབ་ལ་འཚམས་འདྲི་གནང་སྐབས། ཧན་ཀྲིན་ཀྲུང་གོ་དང་སོ་ཏི་ཨ་རབ་བཟོ་ཚོང་ལས་རིགས་ཀྱི་དགའ་བསུའི་གསོལ་སྟོན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།  ཁོང་གིས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་སྦྲེལ་ཟམ་དང་རྒྱུན་ཐག་གི་ནུས་པ་ལེགས་པོར་བཏོན་ནས། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་རྒྱུན་འཁྱོངས་བྱེད་པར་རེ་སྒུག་བྱས་ཡོད་པ་བསྟན།

ཧན་ཀྲིན་ད་དུང་ཅི་ཏ་རུ་འཚམས་འདྲིར་ཕེབས་ནས། མའེ་ཅ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སུའུ་ཨོའུ་ཏི་ཆིན་ཝང་དང་མཇལ་འཕྲད་གནང་།