
བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོར་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་དུ་བསྐྱོད་དེ་ལས་བྱེད་མང་ཚོགས་དང་བརྗེ་རེས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཉིན་རེའི་ལས་དོན་དོ་དམ་གྱི་འགན་འཁུར་བའི་ཀྲུའུ་རིན་གཞོན་པ་མིན་ཞང་ཧྥིན་གྱིས་ཚེས་གཉིས་ཉིན་ཅང་ཞི་རུ་སྒྲོག་བཤད་སྙན་ཞུ་ཕུལ་བ་དང་། མིན་ཞང་ཧྥིན་གྱིས་ཚང་འཛོམས་གྲོས་ཚོགས་བསྡུས་པའི་དོན་སྙིང་གལ་ཆེན་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་བླངས་པའི་གྲུབ་འབྲས་གལ་ཆེན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལས་འགན་དང་། བྱེད་ཐབས་གལ་ཆེན་སོགས་ཕྱོགས་བརྒྱད་ལ་དམ་པོར་དམིགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཉིན་རེའི་ལས་དོན་དོ་དམ་གྱི་འགན་འཁུར་བའི་ཀྲུའུ་རིན་གཞོན་པ་མིན་ཞང་ཧྥིན་གྱིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་ཆེ་ཤོས་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད《གྲོས་གཞི》ལ་གྲོས་འཆམ་བྱུང་བ་དང་། 《གྲོས་གཞིའི》ནང་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་བྱས་ཡོད་ལ། དེ་ནི་བབ་བསྟུན་འཕྲལ་སྒྲུབ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་ཞིང་། དེ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཀྱང་ཡིན།
མིན་ཞང་ཧྥིན་གྱིས་ད་དུང་ཅིའུ་ཅང་གི་བཟོ་གྲྭའི་ཁེ་ལས་ནང་བསྐྱོད་དེ། ཁེ་ལས་ཀྱི་ལས་བཟོ་པ་དང་ཕན་ཚུན་བརྗེ་རེས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་དང་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། འཕྲལ་བསྟུན་དོ་དམ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི། པུའུ་ཀྲང་ཝང་ཞང་ཞི་ཡིས་ཟླ10པའི་ཚེས30ཉིན། འཕྲལ་བསྟུན་དོ་དམ་པུའུ་ཡི་ཁོངས་གཏོགས་ལས་ཁུངས་སུ་སྒྲོག་བཤད་སྙན་ཞུ་ཕུལ། ཝང་ཞང་ཞི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བཟུང་སྟེ་འཕྲལ་བསྟུན་དོ་དམ་གྱི་ལས་དོན་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་པ་སོགས་ཀྱི་ཕྱོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། འཕྲལ་བསྟུན་དོ་དམ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི། པུའུ་ཀྲང་ཝང་ཞང་ཞི་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་སྔར་ལས་གཙོ་བོར་བཞག་སྟེ། འཕེལ་རྒྱས་ཁྲོད་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་། བདེ་འཇགས་ཁྲོད་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་པ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་དགོས་ཟེར།
ཝང་ཞང་ཞི་ཡིས་ད་དུང་འཕྲལ་བསྟུན་དོ་དམ་པུའུ་ཡི་ཏང་གི་སློབ་གྲྭར་བསྐྱོད་དེ་དགེ་བཟོ་བ་དང་སློབ་མའི་འཐུས་མིར་ཕན་ཚུན་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལུའོ་བུན་གྱིས་ཟླ10པའི་ཚེས30ཉིན། ནང་སོག་རང་སྐྱོང་ལྗོངས་མཁར་སྔོན་པོ་གྲོང་ཁྱེར་དུ་སྒྲོག་བཤད་བྱས་པ་དང་། ལུའོ་བུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་སོགས་ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་བཤད་ལེགས་པོ་བྱས།
ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ལུའོ་བུན་གྱིས་བཤད་རྒྱུར། འདས་པའི་ལོ་ལྔའི་ནང་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་སྤོས་ཡོད་ལ། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ལ་ཁ་ཕྱོགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ལ་རག་ལས་པ་ཡིན།
ལུའོ་བུན་གྱིས་ད་དུང་མོང་ཚའོ་སྐྱེ་ཁམས་ཁོར་ཡུག་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ་སྒྲོག་བཤད་བྱས་ནས་ཁེ་ལས་ལས་བཟོ་བ་དང་ས་གནས་དེའི་གཞི་རིམ་ལས་བྱེད་པ་སོགས་དང་ཕན་ཚུན་བརྗེ་རེས་བྱས།