ལི་ཆང་གིས་ནི་ཀྲེ་རི་ཡའི་གྲོས་ཁང་འོག་མའི་གྲོས་གཙོ་ལ་མཇལ་འཕྲད་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་བརྒྱད་པར་ཞུགས་པའི་ནི་ཀྲེ་རི་ཡའི་གྲོས་ཁང་འོག་མའི་གྲོས་གཙོ་ཐ་ཅེ་ཏིང་ལ་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ན་ནིང་གི་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐིས་ནུའུ་པུའུ་དང་མཉམ་དུ་པེ་ཅིང་ནས་མཇལ་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེ་རི་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི“གྲོགས་པོའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་ཧུར་ཐག་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ་དང་གསར་དར་ཐོན་ལས་མཉམ་ལས་བྱེད་རྒྱ་ཇེ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ་དང་། ཕྱོགས་གཉིས་པོས་གསེར་གྱོམ་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཉམ་འབྲེལ་རང་དར་ལ་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།

ཐ་ཅེ་ཏིང་གིས་བསྟན་དོན། ནི་ཀྲེ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུ་བཞིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་འཛུགས་སྐྲུན། ནུས་ཁུངས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ནི་ཀྲེ་རི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན།

ཁྲེན་ཅི་ཉིང་དང་ཝུའུ་ཀྲིན་ལུང་བྱེད་སྒོར་ཞུགས།