
ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲང་ཧའེ་རུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སྐབས་བརྒྱད་པར་ཞུགས་པའི་ཀེ་ཨོར་ཀི་ཡའི་ཙུང་ལི་ཁི་པ་ཞིས་ཙི་ལ་མཇལ་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཀེ་ཨོར་ཀི་ཡའི་བར་འབྲེལ་བ་བཙུགས་ནས་ལོ33འགོར་བའི་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱུས་ལོན་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས། ཀྲུང་གོས་ཀེ་ཨོར་ཀི་ཡ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བཟུང་སྟེ། དཔལ་འབྱོར་ཚོང་དོན་དང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་དང་ཀེ་ཨོར་ཀི་ཡ་རྒྱལ་ཁབ་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཡིན་པས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་མཉམ་དུ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འོས།
ཁི་པ་ཞིས་ཙི་ཡིས་བསྟན་དོན། ཀེ་ཨོར་ཀི་ཡའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྒྲོམ་གཞིའི་ནང་། དཔལ་འབྱོར་ཉོ་ཚོང་དང་མི་ཚུལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད།
མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་མིང་རྟགས་བཀོད།