ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཁང་དབྱི་སོགས་དང་བཞུགས་མོལ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཟླ11པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཁང་དབྱི་སོགས་དང་བཞུགས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁང་དབྱི་སོགས་ལ་དགའ་བསུ་བྱས་ཤིང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་ལ་ཐུགས་ཁུར་རྒྱབ་སྐྱོར་བྱས་པར་དཀའ་དྲིན་ཆེ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ཁྱད་ཆོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བཤད་རྒྱུར། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ། ལྷག་པར་ནུས་ཁུངས་གཙང་མ་དང་། ལྗང་མདོག་རྩིས་ནུས་སོགས་ཐོན་ལས་གཙོ་བོ་དམ་འཛིན་བྱས་ནས། བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ནུས་སྤེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་རྩོམ་པའི་གནད་འགག་གི་དུས་སུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དང་། གཞི་གྲངས་སྤུས་ཚད་མཐོར་འདེགས། འཇོན་མིའི་དཔུང་ཁག་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་མུ་མཐུད་དུ་རྒྱབ་སྐྱོར་དང་མཛུབ་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་བརྟན་པའི་བསྡོམས་རྩིས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད།

ཁང་དབྱི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྡོམས་རྩིས་བྱ་བར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། མི་རྣམས་སེམས་འགུལ་ཐེབས་ནུས་པའི་གྲུབ་འབྲས་བླངས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་མཚོ་སྔོན་གྱི་རྒྱལ་ཡོངས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ལ་གཞིགས་ཏེ། སྤུས་ཚད་མཐོ་བའི་བསྡོམས་རྩིས་བྱ་བར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་རྒྱུ་ཡིན།

ཀྲང་ཅིན་ཀང་བཞུགས་མོལ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།