

ཟླ11ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧྲང་ཧའེ་རུ་སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དང་། ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་།
ཟླ11ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧྲང་ཧའེ་རུ་སྐབས་བརྒྱད་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་དང་། ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་།
ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་ཞིག་འདྲ་ལ། འཛམ་གླིང་གི་དཔལ་འབྱོར་ཡང་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ། འཛམ་གླིང་གི་རྒྱ་མཚོ་ཆེན་མོ་ཚང་མ་ཕན་ཚུན་འབྲེལ་ཡོད། ནང་འདྲེན་དངོས་མང་འགྲེམ་ཚོགས་ནི་འཛམ་གླིང་གི་དཔལ་འབྱོར་ནས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སུ་སྐྱོད་པའི་སྦྲེལ་གནས་ཡིན་ལ། ཀྲུང་གོ་འཛམ་གླིང་དང་སྦྲེལ་བའི་སྦྲེལ་ཟམ་གལ་ཆེན་ཞིག་ཀྱང་ཡིན། ད་ལོའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགྲེམས་ཞུགས་ཁེ་ལས་ཀྱི་གྲངས་འབོར་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་ཀྱིས་མངོན།
ལི་ཆང་གིས་བསྟན་དོན། ནང་འདྲེན་དངོས་མང་འགྲེམ་ཚོགས་ཇི་ལྟར་ཡག་པོ་གཉེར་བར། ཆེས་གལ་འགངས་ཆེ་ཤོས་ནི“གནམ་འོག་དང་ཁེ་ཕན་མཉམ་སྤྱོད”བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་བྱེད་སྒོའི་ཁྲོད་རིན་ཐང་གི་འདུ་ཤེས་གང་འདྲ་ཞིག་འཛིན་དགོས་སམ། ལི་ཆང་གིས་ཚང་མ་དང་མཉམ་དུ་དགོངས་བཞེད་གསུམ་མཉམ་སྤྱོད་བྱས་པ་སྟེ། གཅིག་ནི་འདྲ་མཉམ་གཉིས་ཕན་རྒྱུན་འཁྱོངས་བྱས་ནས། ལུགས་མཐུན་གྱི་ཐུན་མོང་ཁེ་ཕན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་ཐོག་མཐའ་བར་གསུམ་དུ་སྤྱོད་བཟང་དམ་སྲུང་བྱས་ནས། ངེས་པ་དོན་གྱིས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས། གསུམ་ནི་བཅོས་སྐྱོང་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གི་སྒྲིག་སྲོལ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།
ལི་ཆང་གིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། དེང་ཕྱིན་གྱི་དུས་སྐབས་ཤིག་གི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་བསྣན། ཀྲུང་གོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་སྔར་ལས་མང་བ་སྣོན་རྒྱུ་ཡིན།
ཀེ་ཨོར་ཀི་ཡའི་ཙུང་ལི་ཁོའོ་པ་ཞིས་ཙེ་དང་། སེར་ཝེ་ཡའི་ཙུང་ལི་མ་ཁྲུའུ་ཐེ། ནི་ཀྲེ་རི་ཡའི་གྲོས་ཁང་ཞོལ་མའི་གྲོས་གཙོ་ཐ་ཅེ་ཏིང་། སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལུའོ་ཐེ་ལི་ཆི་སོགས་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས། དེ་མིན་ཆབ་སྲིད་དང་ཚོང་དོན་ལས་རིགས་ནས་ཐོན་པའི་འཐུས་མི་ཧ་ལམ1500འགོ་ཚུགས་མཛད་སྒོར་ཞུགས།
འགོ་ཚུགས་མཛད་སྒོའི་སྔོན་དུ། ལི་ཆང་གིས་ཁེ་ལས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། འགོ་ཚུགས་མཛད་སྒོའི་རྗེས་སུ། ལི་ཆང་གིས་ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་འགྲེམ་ཁང་ལ་སྐོར་གཟིགས་གནང་།
ཚེས4ཉིན་གྱི་ཕྱི་དྲོར། ལི་ཆང“ཁྲོམ་ར་ཆེན་མོ་མཉམ་སྤྱོད་བྱེད། ཕྱིར་གཏོང་གི་ཀྲུང་གོ”ཞེས་པའི་མུ་འབྲེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། བྱེད་སྒོ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་།
ཁྲེན་ཅི་ཉིང་། ཝུའུ་ཀྲིན་ལུང་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས།