ཞི་ཅིན་ཕིང་དང་ས་མོ་ཡའི་རྒྱལ་ཁབ་ཀྱི་གཙོ་འཛིན་ཐུའུ་དབྱི་མ་ལའེ་ཨ་ལི་ཧྥ་ནུའོ་ཡིས་ཀྲུང་གོ་དང་ས་མོ་ཡའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཟླ11པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མོ་ཡའི་རང་བཙན་རྒྱལ་ཁབ་ཀྱི་གཙོ་འཛིན་ཐུའུ་དབྱི་མ་ལའེ་ཨ་ལི་ཧྥ་ནུའོ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ས་མོ་ཡའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས།

ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ས་མོ་ཡའི་མཛའ་བརྩེའི་འགྲོ་འོང་གི་ལོ་རྒྱུས་རྒྱུན་རིང་ཞིང་། ཀྲུང་གོ་དང་ས་མོ་ཡའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ། རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་སྲུང་སྐྱོབ་བྱེད་པར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མི་གཞུང་བརྗེ་རེས་བསྟུད་མར་རྒྱ་ཆེར་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འཚོ་བ་ཇེ་སྐྱིད་དུ་བཏང་ཡོད།

ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ས་མོ་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཐུའུ་དབྱི་མ་ལའེ་ཨ་ལི་ཧྥ་ནུའོ་གཙོ་འཛིན་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བཟུང་ནས། སྲོལ་རྒྱུན་གྱི་མཛའ་བརྩེའི་འབྲེལ་བ་རྒྱུན་མཐུད་དང་དངོས་སྒྲུབ་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ས་མོ་ཡའི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ལེའུ་གསར་པ་རྩོམ་དགོས།

ཐུའུ་དབྱི་མཱ་ལའེ་ཨ་ལི་ཧྥ་ནུའོ་ཡིས་བསྟན་དོན། ས་མོ་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50སོང་བའི་རིང་། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ཡོད། ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོར་ས་མོ་ཡའི་བདག་དབང་དང་རང་བཙན་ལ་བརྩི་འཇོག་དང་ས་མོ་ཡའི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ས་མོ་ཡ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་མུ་མཐུད་ཇེ་ཟབ་ཏུ་སོང་ནས། སྔར་ལས་དར་རྒྱས་དང་ཞི་བདེ་འབྱུང་བར་རམ་འདེགས་བྱེད་པའི་ཡིད་ཆེས་ཡོད།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ས་མོ་ཡའི་ཙུང་ལི་ལཱ་ཝུའུ་ལིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ས་མོ་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ས་མོ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པའི་གོ་སྐབས་དང་བསྟུན་ནས། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཀྲུང་གོ་དང་ས་མོ་ཡའི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

ལཱ་ཝུའུ་ལིས་བསྟན་དོན། ས་མོ་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་རྒྱུ་ཡིན།