ཏིང་ཞུའེ་ཞང་གིས་པར་ཙིར་ལ་འཚམས་འདྲི་གནང་།
ཁུངས། ཀློག་གྲངས། 13

ས་གནས་དེ་གའི་ཟླ11པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ལུན་དུ་པར་ཙིར་གྱི་སྲིད་འཛིན་ལུའུ་ལཱ་དང་། སྲིད་འཛིན་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁོ་སི་ཐ་ལ་མཇལ་འཕྲད་གནང་།

ས་གནས་དེ་གའི་ཟླ11པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ལུན་དུ་པར་ཙིར་གྱི་སྲིད་འཛིན་ལུའུ་ལཱ་དང་། སྲིད་འཛིན་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ཁོ་སི་ཐ་ལ་མཇལ་འཕྲད་གནང་།

ལུའུ་ལཱར་མཇལ་འཕྲད་གནང་སྐབས་ཏིང་ཞུའེ་ཞང་གིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་། ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལུའུ་ལཱ་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་པར་ཙིར་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་། ཀྲུང་གོ་དང་པར་ཙིར་གྱི་མཉམ་ལས་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ཉིན་བཞིན་མངོན་གསལ་ཅན་དུ་འགྲོ་བཞིན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་རི་མོ་བྲིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་པར་ཙིར་བར་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གོ་སྐབས་སྔར་ལས་མང་བ་འདོན་སྤྲོད་བྱས།

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་འདོད་ཡོད་ལ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ལ་མཉམ་དུ་ངོ་རྒོལ་བྱེད་དགོས། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེ་རུ་གཏོང་བ་དང་། མཉམ་ལས་རྒྱུན་མཐུད་ངང་སྤུས་ཚད་དང་རིམ་པ་སྤོར་རྒྱུར་སྐུལ་འདེད་བཏང་ནས། མཚོན་རྟགས་རང་བཞིན་དང་དཔེ་སྟོན་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོབ་ཡོད། ཕྱོགས་མང་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་བཅོས་སྒྱུར་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས། དབུལ་སེལ་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་གཉིས་པོ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱིས་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། པར་ཙིར་ཕྱོགས་ཀྱིས་པེ་ལུན་གནམ་གཤིས་དབུ་ཚོགས་གཉེར་བ་དང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས། པར་ཙིར་ཕྱོགས་དང་མཉམ་དུ་དབུ་ཚོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ནས། གནམ་གཤིས་ཁྱབ་ཁོངས་ཀྱི་ཕྱོགས་མང་འཕེལ་རིམ་ལ་སྒུལ་ཤུགས་གསར་པ་བསྣན།

ལུའུ་ལཱ་ཡི་ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིམ་པ་མཐོ་བའི་འཐུས་མི་ཚོགས་པ་པེ་ཅིང་གི་གནམ་གཤིས་དབུ་ཚོགས་ལ་ཞུགས་རྒྱུར་ཐུགས་རྗེ་ཆེ་ཞུས་ནས། པར་ཙིར་གྱིས་ཚོགས་འདུ་གཉེར་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་ལ། ཀྲུང་གོས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ནས་འཛམ་གླིང་ལ་མིག་དཔེ་བསྟན་ཡོད། ཁོང་གིས་བསྟན་དོན། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་སྔར་བས་གཞུང་དྲང་གི་འཛམ་གླིང་དང་སྔར་བས་རྒྱུན་མཐུད་ཐུབ་པའི་གོ་ལའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས་ལོ་གཅིག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་གནད་དང་འཐབ་ཇུས་རང་བཞིན་གྱི་ཁྱབ་ཁོངས་མཉམ་ལས་ལ་དོན་དངོས་དང་མཐུན་པའི་གྲུབ་འབྲས་ཐོབ་ཡོད། པར་ཙིར་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས། དེང་སྐབས་ཀྱི་འཛམ་གླིང་དུ་ཕྱོགས་མང་རིང་ལུགས་མེད་ན་མི་འགྲིག་ལ། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ནས། ས་ཁུལ་གྱི་རྩོད་གཞི་ཞི་བའི་ངང་ཐག་གཅོད་ཆེད་ནུས་པ་ཧུར་ཐག་འདོན་འདོད་ཡོད།

ཁོ་སི་ཐ་དང་མཇལ་འཕྲད་གནང་སྐབས་ཏིང་ཞུའེ་ཞང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་པར་ཙིར་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་དགོས། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་དང་པར་ཙིར་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་གྱི་ལས་དོན་ཆེན་པོ་དེ་ཏན་ཏིག་གིས་བསྒྲུབས་ནས། རང་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཏུ་འགྱུར་འདོད་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་འབྲས་ཆེ་ཞིང་དངོས་གཉེར་གྱི་སྒོ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཕྱོགས་ཀྱི་ཐུན་མོང་ཚོང་ར་དང་ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་ཁྲོད་ཀྱི་པར་ཙིར་གྱི་སྣེ་ཁྲིད་པའི་གོ་གནས་ལ་མཐོང་ཆེན་བྱེད་ཀྱིན་ཡོད། པར་ཙིར་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

ཁོ་སི་ཐ་ཡིས་བསྟན་དོན། པར་ཙིར་དང་ཀྲུང་གོའི་དམངས་སེམས་མཐུན་པ་དང་། པར་ཙིར་གྱི་དམངས་ཚོགས་ཀྱིས་ཀྲུང་གོར་མཉམ་ལས་བྱས་ནས་པར་ཙིར་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དམངས་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་ནས། ཀྲུང་གོ་འདི་ཉིད་བློས་འགེལ་ཆོག་པའི་གྲོགས་པོར་བརྩིས་ཏེ། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད་ལ། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མྱུར་དུ་གཏོང་བ་དང་། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། པར་ཙིར་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།