
ཟླ11པའི་ཚེས6ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་། སློབ་སྦྱོང་། ལག་ལེན་མཐར་ཕྱིན་བཅས་བྱེད་པ་དང་། གཅིག་བསྡུས་སྒྲོག་བཤད་བྱ་བ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། སྒྲོག་བཤད་ལས་འགན་ཁ་གསལ་བཟོས་ཏེ་བྱེ་བྲག་གི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཚང་མ་ཚོགས་འདུར་ཞུགས།
ཚོགས་འདུ་ལས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལོན་དགོས་པ་དང་། བསམ་བློའི་ཤེས་རྟོགས་ཇེ་ཟབ་ཏུ་བཏང་སྟེ། ངེས་པ་དོན་གྱིས་སྒྲོག་བཤད་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཆེར་བསྐྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་སྒྲོག་བཤད་ཟབ་མོ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་སྒྲོག་བཤད་ཟབ་མོ་བྱེད་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བའི་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་སྒྲོག་བཤད་ཟབ་མོ་བྱེད་པ། ཏང་ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་གནས་བབ་ལ་བརྡར་གཅོད་གང་ལེགས་བྱས་པ་སྒྲོག་བཤད་ཟབ་མོ་བྱེད་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་སྒྲོག་བཤད་ཟབ་མོ་བྱེད་པ་བཅས་ལ་བརྟེན་ནས། ཞིང་ཆེན་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས་པར་བསྟན།
ཚོགས་འདུ་ལས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས། ཡང་དག་པའི་ཕྱོགས་སྟོན་དང་། གནད་ལ་འཁེལ་བའི་ཚོད་འཛིན། བདེན་འཚོལ་དངོས་གཉེར། གཟབ་ནན་གསོན་ཉམས་ལྡན་པ་བཅས་རྒྱུན་འཁྱོངས་བྱ་དགོས་ལ། དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཕྱོགས་ཡོངས་ནས་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་འོད་སྟོང་ལྡན་པའི་མདུན་ལྗོངས་ལེགས་པོར་བརྗོད་དགོས། ཏང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་འཆར་གཞི་དང་དངོས་གཉེར་བྱེད་ཐབས་ལེགས་པོར་བརྗོད་དགོས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་རྒྱུན་མཐུད་ངང་བསྐྲུན་པ་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་གནས་ཚུལ་བརྗོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་འབད་པས་སྐུལ་བའི་འབད་འཐབ་གཏམ་རྒྱུད་དེར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགྲེལ་བརྗོད་མང་ཙམ་བྱ་དགོས། གསོན་ཉམས་ལྡན་པའི་དཔེ་མཚོན་དང་མི་སེམས་འགུལ་བའི་གཏམ་རྒྱུད་མང་ཙམ་བཤད་པ་དང་། བབ་ཆགས་ཤིང་གོ་བདེ་བའི་སྐད་ཆ་དང་ཞིབ་ཚགས་ལྡན་པའི་གཞི་གྲངས་མང་ཙམ་སྤྱད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཅིང་གོ་བདེ་བའི་སྒོ་ནས་ལེགས་པོར་བརྗོད་དགོས། གཞུང་ལུགས་སྒྲོག་བཤད་ཀྱི་ཟོང་རྟགས་ནུས་པ་འདོན་སྤེལ་གང་ལེགས་སྒོས། མང་ཚོགས་ཀྱིས་ཉན་འདོད་པ་དང་ལྟ་འདོད་པའི་སྒྲོག་བཤད་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ། གསོན་ཉམས་དོད་པོ་དང་གང་ལ་དེ་འཚམ་གྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་བཤད་བྱ་དགོས་པ་ནན་གྱིས་བསྟན།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཟླ11པའི་ཚེས11ཉིན་ནས་ཟླ12པའི་ཟླ་སྨད་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོར་སོང་ནས་སྒྲོག་བཤད་ཐེངས100ཙམ་སྤེལ་རྒྱུ་རེད།
མཚོ་མོ་སྐྱིད་ཀྱིས་བསྒྱུར།