
ཉེ་ཆར། ཞིང་ཆེན་སྲིད་གྲོས་ཀྱིས་རྟོག་ཞིབ་ཚན་ཆུང་རྩ་འཛུགས་བྱས་ཏེ་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། སྟོང་སྐོར་རྫོང་། ཧོང་ཀྲུང་ས་ཁུལ། ཟི་ལིང་གྲོང་ཁྱེར་སྐྱེ་དངོས་གླིང་ཁུལ་སོགས་སུ་བསྐྱོད་དེ་གླ་སིལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་རྟ་ཐང་རྫོང་མྱུ་གུ་འདེབས་འཛུགས་ས་ཚིགས་དང་། སྟོང་སྐོར་རྫོང་གླ་ཤིང་རྟེན་གཞི། མཚོ་སྔོན་ཁང་ཕུའུ་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་སོགས་ལས་ཁུངས་དང་ཁེ་ལས་སུ་སོང་ནས་གླ་ཤིང་གི་རིགས་སྣ་འདེམས་གསོ་དང་། བསྡུ་ལེན་ལས་སྣོན། ཐོན་རྫས་གསར་པ་གསར་སྤེལ། ཁྲོམ་རའི་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པར་མ་ཟད། སྤུས་རྟགས་གསར་གཏོད་དང་། ཚན་རྩལ་འགག་སྒྲོལ། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཧུར་ཐག་བྱེད་པ་དང་། གླ་སིལ་ཐོན་ལས་ཀྱི་སྐྱེ་ཁམས་དགེ་མཚན་འདོན་སྤེལ་བྱེད་པ་གཙོ་བོར་འཛིན་པ། སྲིད་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ས་ཁོངས་བཀོད་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པ། ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གླ་སིལ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མཐོ་སྒང་གི་གྲང་ངར་ཆེ་བའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་སྐྱེས་སྟོབས་ལ་རྐང་བཙུགས་ཏེ། སྦྲེལ་ཐག་ཧྲིལ་པོར་བརྟེན་ནས་གླ་སིལ་གྱི་འབྲས་བུ་དང་། ལོ་མ། ཡལ་ག་བཅས་ཕྱོགས་བསྡུས་བེད་སྤྱོད་དང་། ཆེད་ལས་ཐོན་སྐྱེད། ལས་སྣོན་ཞིབ་ཚགས་བཅས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “སྐྱེ་ཁམས་འབྲས་བུ”དེ་མཚོ་སྔོན་གྱི་ནགས་རྩྭའི་ཐོན་ལས་ཀྱི་གསེར་གྱི་མིང་བྱང་ལྟ་བུར་འགྱུར་བར་བྱ་དགོས། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་དང་བདེ་ཐང་ཆེན་པོའི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། “གླ་སིལ་དང་རིག་གནས་ཡུལ་སྐོར”དང“གླ་སིལ་དང་བདེ་ཐང་གསོ་སྐྱོང”གི་རྣམ་པ་གསར་པ་རྒྱ་སྐྱེད་པ་དང་། “མཚོ་སྔོན་རྟགས་ཅན”གྱི་གླ་སིལ་གྱི་སྤུས་རྟགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་དམངས་ཕྱུག་དང་བདེ་ཐང་གི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་དགོས། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་ཁང་དང་ཧུར་ཐག་སྒོས་མཉམ་ལས་བྱས་ཏེ། མྱུ་གུ་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་འབྲས་ཁྱབ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། སོན་བཟང་འདེམས་གསོ་དང་། འཕྲུལ་ཆས་ཀྱིས་བཏོག་པ། རིན་ཐང་མཐོ་བའི་བེད་སྤྱོད་སོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཤ་བོ་གསེར་མཚོས་བསྒྱུར།