ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཟླ11པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་པ་དང་། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཧྥུའུ་ཧྲན་དུ་གྲོས་མོལ་གནང་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་སོ་གཉིས་པའི་དུས་རིམ་དང་པོ་དང་གཉིས་པའི་ཚོགས་འདུ་བཅས་ཀྱི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་དཔེ་ལྟོས་དང་སློབ་སྦྱོང་གང་ལེགས་བྱེད་ཅིང་། ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཞབས་ཞུ་ཉོ་ཚོང་མགྱོགས་མྱུར་ངང་རྒྱ་བསྐྱེད་སྒོ་འབྱེད་དང་། ཚོང་ཟོག་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཚད་གཞི་མཐོ་བའི་གཞི་གྲངས་ཉོ་ཚོང་སྒྲིག་སྲོལ་སྔོན་ལ་ལག་བསྟར་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་ཤུགས་འདོན་ནུས་འདེགས་བྱས་ནས། སྒྲིག་སྲོལ་དང་དོ་དམ། ཚད་གཞི་བཅས་མཉམ་འདྲེས་མངོན་འགྱུར་བྱེད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་སྒྲིག་གཞི་སྔར་ལས་སྙོམས་སྒྲིག་དང་ལེགས་སྒྱུར་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་འཕར་ཚད་བསྟུད་མར་ཇེ་ཆེར་གཏོང་བ། མཐོ་སྒང་གི་འཁྱགས་གྲང་སྔོ་ཚལ་དང་འཁྱགས་ཆུའི་ཉ་སོགས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཨུ་རུ་སི་དང་ཨེ་ཤ་ཡའི་དབུས་རྒྱུད། ཞང་ཀང་། ཨའོ་མོན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། ཞབས་ཞུའི་ཁྱོན་ཡོངས་དང་རང་ངོས་འཕེལ་རྒྱས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། གོ་སྐབས་ཧུར་ཐག་གིས་དམ་འཛིན་བྱེད་པ། བལྟོས་བཅས་དགེ་མཚན་འདོན་སྤེལ་བྱེད་པ། འཕེལ་རྒྱས་རྣམ་པའི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཛའ་མཐུན་རྒྱལ་ཁབ་བར་གྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ། ཞིན་ཅང་དང་བོད་ལྗོངས་སོགས་ས་ཁུལ་གྱི་མཉམ་འགུལ་མཉམ་ལས་ལ་ཤུགས་བསྣན་ནས། ནུབ་རྒྱུད་དང་ལྷོ་རྒྱུད་ལ་ཁ་ཕྱོགས་པ་དང་། སྐམ་མཚོ་མཉམ་འགུལ། ཕྱོགས་མང་མཉམ་འགུལ་བཅས་ཀྱི་སྒོ་འབྱེད་བརྒྱུད་ལམ་གྲུབ་པར་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ནུབ་རྒྱུད་གསར་སྤེལ་ཆེན་མོ་སོགས་ཀྱི་འཐབ་ཇུས་ཁྲོད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་འཕྲལ་བསྟུན་དོ་དམ་ནུས་པ་སྔར་ལས་ཇེ་ཆེར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་བསྟུན་དོ་དམ་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་གལ་ཆེན་དངོས་འབེབས་ནན་མོ་བྱེད་པ་དང་། རང་ཞིང་གི་གནོད་འགོག་གནོད་སེལ་གནོད་སྐྱོབ་བྱ་བའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། གཞི་རིམ་གྱི་འཕྲལ་བསྟུན་བཀོད་འདོམས་ནུས་པ་དང་དངོས་འཐབ་ནུས་པ། འདེགས་སྐྱོར་འགན་སྲུང་ནུས་པ་བཅས་ཇེ་ཆེར་གཏོང་བར་ཤུགས་འདོན་པ་དང་། མ་ལག་ལྡན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་འཕྲལ་བསྟུན་དོ་དམ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་འཕྲལ་བསྟུན་ཉེན་གཡོལ་ཁུལ་འཛུགས་སྐྲུན་སོགས་ཀྱི་བྱ་བར་འཆར་འགོད་ལེགས་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་རྩ་འཛུགས་འཐུས་ཚང་ཡིན་ལ་འགན་དབང་གསལ་བོ་ཡིན་པ། རྐྱེན་སྲོལ་བཀག་མེད་ཡིན་པ། སྟོབས་ཤུགས་ལེགས་སྒྱུར་བྱེད་པ་བཅས་ཀྱི་གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་བྱ་བའི་སྒྲིག་གཞི་བསྐྲུན་ཏེ། བདེ་འཇགས་ཀྱི་འགོག་ར་སྲ་བརྟན་དུ་གཏོང་བ་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ལྷ་མོ་འཚོས་བསྒྱུར།