
ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས26པ་སླེབས་པའི་སྐབས་འདིར། ཟླ11པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་ལས་དོན་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་མཚོ་སྔོན་གྱི་དམིགས་བསལ་ཞིང་ཆེན་གྱི་ངེས་གནས་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་ལ་དམ་པོར་དམིགས་པ་དང་། མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་མི་གཞུང་ལ་རྐང་བཙུགས་ཏེ། དར་ཆ་གསལ་པོ་དང་བློ་བརྟན་འགྱུར་མེད་སྒོས་གསར་འགྱུར་གླེང་ཕྱོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།
གྲོས་ཚོགས་ལས་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཆབ་སྲིད་བློ་རྩ་བརྟན་པའི་ཤེས་རྟོགས་མཁན་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དེ་གསར་འགྱུར་རྩོམ་སྒྲིག་གི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་དང་འབྲེལ་མཐུད་བྱ་དགོས། མཚོ་སྔོན་གྱི་གཏམ་རྒྱུད་བཤད་མཁན་བྱས་ཏེ་རང་རྟོགས་སྒོས་གསར་འགྱུར་གླེང་ཕྱོགས་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་བྱ་བར་འཆར་འགོད་དང་སྐུལ་འདེད་བྱས་ནས། སྨྱན་སྦྱོར་བཅོས་སྒྱུར་གྱི་སྣེ་ཁྲིད་པ་བྱས་ཏེ་གཙོ་རྒྱུན་སྨྱན་སྦྱོར་གྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ཆེད་དུ་སྐད་ཆ་བཤད་པའི་ཉེ་མི་བྱས་ཏེ། གཞི་རིམ་ལས་ཡུལ་དང་པོའི་གསར་འགྱུར་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་དགོས། གཙོ་རྒྱུན་གྱི་གཡུལ་ས་སྲུང་མཁན་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཐབ་རྩོད་བྱེད་ནུས་ཆེ་རུ་གཏོང་དགོས། མཚོ་སྔོན་འཕེལ་རྒྱས་ཀྱི་གྲོས་འགོ་འདོན་མཁན་བྱས་ཏེ་ཚན་རིག་དང་ཡང་དག་པ། ཁྲིམས་ལྟར་དང་དགེ་མཚན་ལྡན་པའི་སྒོ་ནས་གླེང་ཕྱོགས་ལྟ་སྐུལ་སྤེལ་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་སྐབས་དང་པོའི“རྒྱལ་ཡོངས་ཀྱི་གསར་འགྱུར་བྱ་བ་སྒྲུབ་མཁན་ཕུལ་བྱུང་བཅུ”ཐོབ་མཁན་དང་། སྐབས35པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་མཁན་བརྩམས་ཆོས་འཐུས་མི། རྒྱལ་ཡོངས་སྐབས་བཅུ་གཉིས་པའི“གསར་འགོད་པ་བཟང་པོས་གཏམ་རྒྱུད་ཡག་པོ་བཤད་པའི”བྱེད་སྒོའི་ཕུལ་བྱུང་བདམས་ཐོན་པ། ལོ30རིང་གི་ གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འཐུས་མི་བཅས་ལ་གཟི་བརྗིད་དཔང་ཡིག་བྱིན་པ་དང་། འཐུས་མི་དྲུག་གིས་བརྗེ་རེས་གཏམ་བཤད་བྱས།
ཤ་བོ་རིན་མཚོས་བསྒྱུར།