ལི་ཆང་གིས་ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཟླ11པའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་སའི་ཆུ་བེད་དམ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་བརྙན་ལམ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཉིན་ཤས་སྔོན་ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་སའི་ཆུ་བེད་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས་ནས། འབྲུ་རིགས་ལ་བསྟུད་མར་ལོ་ལེགས་བྱུང་བ་དང་ཞིང་བའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ལ། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་རྒྱུན་འཁྱོངས་བྱས་ཏེ། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་འགའི་ཐོན་ནུས་ཇེ་ཆེར་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་དགོས་ཤིང་། སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་དང་ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་གི་དེང་རབས་ཅན་འཛུགས་སྐྲུན་བསྒྱུར་བཀོད་ལ་ཤུགས་སྣོན་དགོས་ལ། ཞིང་སའི་ལུང་ཡུར་གྱི་ཉམས་གསོ་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་། བདེ་ཐང་དང་ཞོད་སྐྱོན་འབྱུང་སླ་བའི་ས་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་བཟོ་སྐྲུན་གྱི་སྤུས་ཚད་གཟབ་ནན་དུ་གཏོང་བ། དངུལ་གཏོང་འགན་སྲུང་དང་མ་དངུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་པ་མང་ཚོགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་བ་ཞུགས་པའི་ཡིད་དབང་བཀུག་སྟེ།  རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།