
ས་དེའི་དུས་ཚོད་ཟླ11པའི་ཚེས6ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་པར་ཙིར་གྱི་པེ་ལུན་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས30པའི་པེ་ལུན་གནམ་གཤིས་རྩེ་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ནས་རྩེ་ཚོགས་བསྡུ་པར་སྨོན་འདུན་བཟང་པོ་ཞུ་པར་བརྒྱུད་བཤད་གནང་བ་དང་། པར་ཙིར་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྤྱི་ཆིངས་ཁྲོད་ཞུགས་པའི་རྒྱལ་ཁབ་སུམ་ཅུའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་བྱ་བ་ཧུར་ཐག་སྒོས་སྒྲུབ་ཆེད་བྱས་རྗེས་གལ་ཆེན་བཞག་པར་བསྔགས་བརྗོད་གནང་བ་དང་ཚོགས་ཆེན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོས2030ལོའི་རྒྱལ་ཁབ་ཀྱི་རང་བདག་གིས་བྱས་རྗེས་འཇོག་པ་དོན་འཁྱོལ་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་རྩེ་ཚོགས་སྟེང་ཀྲུང་གོས2035ལོར་རྒྱལ་ཁབ་རང་བདག་ངང་བྱས་རྗེས་འཇོག་པར་ཁྱབ་བསྒྲགས་གནང་བས། ཀྲུང་གོའི་ཆོད་སེམས་བརྟན་པོ་དང་འབད་བརྩོན་ཆེན་མོ་མཚོན་ཡོད།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། མ་འོངས་བའི་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེའི་ཁྲོད་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གལ་ཆེན་གནང་ཡོད། ཀྲུང་གོས་ཁ་བཤད་དོན་གནས་དང་གང་བྱས་རྒྱུན་འཁྱོལ་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་བརྩོན་དང་བརྟན་བརླིང་ངང་ཐཱན་ཚད་ལྡན་སྐུལ་འདེད་དང་མངོན་འགྱུར་བྱས་ཏེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ངེས།
ཏིང་ཞུའེ་ཞང་གིས་བསྟན་དོན། མིག་སྔར་འགྲོ་བ་མིའི་ལམ་བཞི་མདོ་གསར་པ་གནས་ཡོད་པས། ཕྱོགས་སོ་སོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁོང་གིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་གྱིས་ཡིད་ཆེས་བརྟན་པོ་བྱས་ཏེ། དམངས་འཚོ་ལེགས་སྒྱུར་དང་གནམ་གཤིས་བཅོས་སྐྱོང་མཐུན་སྦྱོར་ཡོང་བར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་དགོས། གཉིས་ནི་གནམ་གཤིས་འགུལ་སྐྱོད་དོན་འཁྱོལ་བྱས་ཏེ། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྔོན་ལ་བཙོག་ཕུད་ཉུང་གཏོང་གི་འོས་འགན་དོན་འཁྱོལ་དང་དངུལ་གཏོང་ཁས་ལེན་ལག་བསྟར་ཏན་ཏིག་བྱེད་དགོས། གསུམ་ནི་སྒོ་འབྱེད་མཉམ་ལས་ཟབ་སྤེལ་བྱས་ཏེ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། ལྗང་མདོག་ལག་རྩལ་དང་ཐོན་ལས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། སྤུས་ལེགས་ལྗང་མདོག་ཐོན་རྫས་རང་མོས་འཁོར་རྒྱུག་ཐུབ་པར་འགན་སྲུང་བྱེད་དགོས།
ཚོགས་ཞུགས་སྐབས་སུ། ཏིང་ཞུའེ་ཞང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་མཇལ་འཕྲད་གནང་། ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྲོག་ཤིང་གོ་གནས་དང་ནུས་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ངེས་ལ། ཕྱོགས་སོ་སོ་དང་མཉམ་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཀུ་ཐེ་ལེ་སི་ཡིས་བསྟན་དོན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་འགག་རྩའི་སྣེ་ཁྲིད་མཁན་ཡིན་པ་མ་ཟད། འཛམ་གླིང་ཞི་བདེ་དང་ཕྱོགས་མང་རིང་ལུགས་ཀྱི་རྟེན་ས་གལ་ཆེན་ཞིག་ཀྱང་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་དེས་ད་ཡོད་ཀྱི་འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་ལས་སྔར་བས་དམ་ཟབ་བྱ་རྒྱུའི་རེ་བ་བཅངས་ཡོད།
ཉིན་དེར། ཏིང་ཞུའེ་ཞང་གདན་ཞུས་ལྟར་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་ཡིས་མགོ་འཛིན་བྱས་པའི“རྒྱུན་གཏན་གྱི་ཚ་ཁུལ་ཆར་ནགས་ཐེབས་རྩ”ཞེས་པའི་བརྗོད་དོན་གཙོ་བོའི་ཉིན་གུང་གསོལ་སྟོན་ལ་ཞུགས་ནས་ཤིས་ཚིག་ཕུལ། ཁོང་གིས་ཚ་ཁུལ་ཆར་ནགས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་བདེ་སྐྱིད་དང་འབྲེལ་བ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཚ་ཁུལ་གྱི་ཆར་ནགས་སྲུང་སྐྱོབ་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་ཁོར་ཡུག་བཅོས་སྐྱོང་ལ་བྱས་རྗེས་སྔར་བས་ཆེ་བ་འཇོག་འདོད་ཡོད་པ་བསྟན།