ཞི་ཅིན་ཕིང་རང་རྒྱལ་གྱི་གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་མཁའ་བསྐྱོད་མ་གྲུ་ཐོག་མར་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་མ་ཟད་གྲུ་ཐོག་ཏུ་ཕེབས་ནས་གཟིགས་ཞིབ་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

རང་རྒྱལ་གྱི་གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་གྲུ་གཟིངས་ཐོག་མའི་ཧྥུའུ་ཅན་གྲུ་གཟིངས་ལ་དར་ཆ་སྤྲོད་པའི་མཛད་སྒོ་ཚེས5ཉིན་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁར་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས་པ་མ་ཟད་གྲུ་ཐོག་ཏུ་ཕེབས་ནས་གཟིགས་ཞིབ་གནང་།

ཟླ11པའི་སན་ཡ་ནི་ཡངས་པའི་ཞིང་ཁམས་ཞིག་དང་མཚུངས་ལ་རླབས་ཕྲེང་དགུང་དུ་འཕྱོ། དམག་དོན་གྲུ་ཁ་རུ། ཧྥུའུ་ཅན་གྲུ་གཟིངས་མཚོ་དབུས་སུ་བཙུགས་ཡོད་ལ་དར་ཆ་མང་པོ་ཧྲན་ཏུང་གྲུ་གཟིངས་དང་མཉམ་དུ་གནས། མཚོ་དམག་དཔུང་སྡེ་དང་མ་གྲུ་འཛུགས་སྐྲུན་ལས་ཁུངས་ཀྱི་འཐུས་མི2000ལྷག་གྲུ་ཁ་རུ་གྲལ་འགྲིག་པའི་རུ་སྟར་བསྒྲིགས་ཡོད་པ་དང་། གཟི་ཉམས་ལྡན་ལ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས།

ཚེས་བདུན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད4དང་སྐར་མ30ཡས་མས་སུ། དར་ཆ་སྤྲོད་པའི་མཛད་སྒོ་དངོས་སུ་འགོ་བརྩམས་པ་དང་། ཡུལ་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་མཉམ་དུ་སྐར་ལྔའི་དར་དམར་དལ་གྱིས་ཡར་བསྒྲེངས། གཟབ་སྦྲེང་གུས་དམག་གིས་བརྒྱད་གཅིག་དམག་དར་སྲུང་ནས་རིམ་གྱིས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དེ་ཧྥུའུ་ཅན་གྲུ་གཟིངས་ཀྱི་གྲུ་དཔོན། ཆབ་སྲིད་ཨུ་ཡོན་ལ་གནང་། ཧྥུའུ་ཅན་གྲུ་གཟིངས་ཀྱི་གྲུ་དཔོན། ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་རྗེས་ཁོང་གི་ཕྱག་ནས་བརྒྱད་གཅིག་དམག་དར་བླངས། ཞི་ཅིན་ཕིང་གིས་ཁོ་ཚོ་དང་ལྷན་དུ་མཉམ་པར་བསྐྱོན། དར་ཆ་གནང་བའི་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་སྒྲིལ།

ཚའེ་ཆི། ཀྲང་གོ་ཆིང་གཉིས་ཧྥུའུ་ཅན་གྲུ་གཟིངས་བེད་སྤྱོད་ཀྱི་དར་ཆ་སྤྲོད་པའི་མཛད་སྒོར་ཞུགས། ཀྲང་ཧྲིན་མིན་གྱིས་མཛད་སྒོར་འགོ་འཛིན་མཛད།

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་མ་གྲུ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་སྣང་ཆེན་པོ་མཛད་ཀྱིན་ཡོད། མཛད་སྒོ་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་ཧྥུའུ་ཅན་གྲུ་གཟིངས་སྟེང་ཕེབས་ཏེ། རང་རྒྱལ་གྱི་མ་གྲུ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བྱ་བའི་སྙན་ཞུར་གསན་པ་དང་། མ་གྲུ་མ་ལག་གི་དམག་འཐབ་ནུས་པའི་གྲུབ་སྟངས་དང་གློག་ཁབ་ལེན་གྱི་ལྡེམ་ཤུགས་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་།

ཡངས་ཤིང་རྒྱ་ཆེ་བའི་འཕུར་སྐྱོད་གྲུ་གཅལ་སྟེང་། འགོག་རགས4དང་མདེལ་མདའ་འཕེན་གསུམ་གྱི་འཕུར་གནས་3ཧ་ཅང་མངོན་གསལ་ཡིན། འཐབ་གྲུ35རྟགས་ཅན་དང་། འཐབ་གྲུ15Tརྟགས་ཅན། མཁའ་ཟོན600སོགས་གྲུ་འབབ་གནམ་གྲུ་གསར་པ་ཕྲེང་བསྟར་སྒྲིག་ཡོད། ཞི་ཅིན་ཕིང་གིས་གྲུ་གཅལ་གྱི་ནུས་པའི་གྲུབས་སྟངས་ངོ་སྤྲོད་ལ་གསན་རྗེས་སྒྲིག་ཆས་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་མ་གྲུའི་འཕུར་སྐྱོད་པ་དང་བརྩེ་བའི་ངང་བརྗེ་རེས་གནང་བ་དང་། གནམ་གྲུའི་ལག་རྩལ་གྱི་ནུས་པ་དང་གློག་ཁབ་ལེན་ལྡེམ་ཤུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་བཅས་ལ་རྒྱུས་ལོན་གསལ་བོ་གནང་ཞིང་། གྲུ་ཐོག་གནམ་གྲུ་འཕེན་གཏོང་གི་བརྒྱུད་རིམ་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། ལུས་ལ་ཁ་དོག་སྣ་ཚོགས་ཀྱི་ལྭ་བ་གྱོན་པའི་མཁའ་འགྲུལ་འགན་སྲུང་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པ་མཐོང་རྗེས། ཚང་མས་འཕྲོ་རིམ་འཕྲོར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས། དེ་དང་མཉམ་དུ་སོ་སོའི་ལས་གནས་དང་འགན་འཁྲི་གཙོ་བོ་སྙན་ཞུ་ཕུལ། ཞི་ཅིན་ཕིང་གིས་ཚང་མར་ཆེད་ལས་རྩལ་ནུས་དང་དམག་འཐབ་འཇོན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཧྥུའུ་ཅན་གྲུ་གཟིངས་ཀྱི་འཐབ་ནུས་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས་པའི་སྐུལ་ལྕག་གནང་།

དེའི་རྗེས་སུ། ཞི་ཅིན་ཕིང་ཧྥུའུ་ཅན་གྲུ་གཟིངས་ཀྱི་གླིང་ཕྲན་དུ་ཕེབས་པ་དང་གྲུ་ཐོག་ཏུ་བུད་ནས་གནམ་གྲུའི་བཀོད་འདོམས་དང་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་ཁ་ལོ་སྒྱུར་ས་རུ་ཕེབས་ནས་ལས་རེས་དམག་གནས་ལ་གཟིགས་ཞིབ་གནང་བ་དང་། ཞི་ཅིན་ཕིང་གིས་ལས་རེས་ཟིན་ཐོའི་སྟེང་གཟབ་ནན་ངང་མཚན་རྟགས་བཀོད། ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཧྥུའུ་ཅན་གྲུ་གཟིངས་ལ་ཇུས་འདོམས་གནང་ནས་གློག་ཁབ་ལེན་གྱི་མདེལ་འཕེན་ལག་རྩལ་སྤྱད། ཁོང་མདེལ་མདའ་ཕྱོགས་བསྡུས་ཚོད་འཛིན་ས་ཚིགས་སུ་ཕེབས་ནས་བྱ་བའི་བརྒྱུད་རིམ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། ཁོང་གིས་མདེལ་འཕེན་གཅུས་སྒོ་མནན་པ་དང་མཉམ་དུ། གྲུ་གཅལ་སྟེང་གི་འགུལ་ཆས་མདའ་མོ་གཞུ་ལས་ཤོར་བ་ལྟར་མ་གྲུའི་ཕྱོགས་སུ་འཕུར། ཞི་ཅིན་ཕིང་གིས་མ་གྲུའི་ཐོག་གི་དཔོན་དམག་གི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཆེད་དུ་ཟ་ཁང་དང་དམག་ཁང་དུ་ཕེབས་ཏེ། བཟའ་བཏུང་དང་ཞག་སྡོད་འགན་སྲུང་གནས་ཚུལ་ལ་གཟིགས་ཞིབ་གནང་རྗེས། དམག་མི་རྣམས་དང་བརྩེ་བའི་ངང་ཞལ་བརྡ་གནང་བ་དང་། རིམ་པ་སོ་སོ་དང་ཕྱོགས་སོ་སོར་འགན་ལེན་ཡག་པོ་བྱས་ཏེ་རྒྱ་ཆེའི་དཔོན་དམག་རྣམས་སྔར་ལས་ལྷག་པའི་སྒོ་ནས་དཔུང་སྡེ་འཛུགས་སྐྱོང་དང་དམག་གྲབས་དམག་འཐབ་ནང་ཞུགས་དགོས་པ་ནན་བཤད་གནང་།

ཁ་འབྲལ་སྐབས། མ་གྲུའི་དཔོན་དམག་ཡོངས་ཀྱིས་ཕན་ཚུན་འབྲལ་མི་ཕོད་པར། འཕུར་སྐྱོད་གྲུ་གཅལ་དང་གྲུ་ཁར་གྲལ་བསྒྲིགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་འདུད་ཞུས། ཚང་མས་མཉམ་དུ“ཏང་གི་བཀོད་འདོམས་ལ་ཉན་པ་དང་། དམག་འཐབ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ”ཞེས་པའི་དམ་ཚིག་སྐད་གསེང་མཐོན་པོས་བསྒྲགས།

ཧྥུའུ་ཅན་གྲུ་གཟིངས་ནི་རང་རྒྱལ་གྱི་གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་མ་གྲུ་དང་པོ་ཡིན་ལ། རང་རྒྱལ་གྱི་མཁའ་བསྐྱོད་མ་གྲུ་གསུམ་པའང་ཡིན། གྲུ་རྟགས18ཡིན། ཧྥུའུ་ཅན་གྲུ་གཟིངས་ནི་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བཟོ་སྐྲུན་བྱས་པ་དང་དེའི་གློག་ཁབ་ལེན་གྱི་ལྡེམ་ཤུགས་ལག་རྩལ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ལྷོ་རྒྱུད་འཐབ་ཁུལ་དང་མཚོ་དམག ཧའེ་ནན་ཞིང་ཆེན་དང་དེ་མིན་མ་གྲུ་འཛུགས་སྐྲུན་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་མཛད་སྒོར་ཞུགས།