ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧི་པེ་རུ་སོང་ནས་ལྗང་མདོག་འཕེལ་རྒྱས་དང་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 5

ཟླ10པའི་ཚེས26ཉིན་ནས་ཟླ11པའི་ཚེས1ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཧི་པེ་ཞིང་ཆེན་དུ་སོང་ནས། རི་གཉིས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་གཏོད་དང་བདེ་སྡོད། མཛེས་སྡུག མཉེན་གཤིས། དཔལ་ཡོན། རིག་ནུས་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་པར་དམིགས་ནས་རྟོག་ཞིབ་དང་བྱ་བའི་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་ཚུལ་སྒྱུར། གྲོང་ཁྱེར་གྱི་མཉེན་གཤིས་འཛུགས་སྐྲུན་བཅས་ལ་དམིགས་ནས། ཧི་པེ་ཞིང་ཆེན་གྱིས་ལྗང་མདོག་འཕེལ་རྒྱས་དང་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱས་པའི་ཉམས་མྱོང་བྱེད་ཐབས་དང་ཕན་འབྲས་ལ་རྒྱུས་ལོན་ཞིབ་མོ་བྱས། ཞུང་ཨན་ཁུལ་གསར་སོགས་ས་ཁུལ་ཁ་ཤས་ལ་ཡུལ་དངོས་རྟོག་ཞིབ་བྱས་ཏེ། ཧི་པེ་ཞིང་ཆེན་གྱི་དམངས་ཆེན་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་བྱ་བའི་བཞུགས་མོལ་བྱས།

རྟོག་ཞིབ་ཚན་ཆུང་གིས་བལྟས་ན། ཧི་པེ་ཞིང་ཆེན་གྱི་ས་ཁུལ་སོ་སོས་རི་གཉིས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ་དང་། པེ་ཅིང་ཐེན་ཅིན་ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སླར་གསོ་ནུས་པ་ཇེ་ཆེར་བཏང་ཞིང་། ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་ཚུལ་སྒྱུར་བྱས་ལ། གསར་དར་ཐོན་ལས་མགྱོགས་མྱུར་ངང་སྤེལ་བ་དང་། ཐོན་སྐྱེད་རྣམ་པའི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་ཁྲིད་བྱས་ཤིང་། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་སྐུལ་ལ་སྣེ་ཁྲིད་ནས། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་འཛུགས་པར་ཉམས་མྱོང་བཟང་པོ་འདོན་སྤྲོད་བྱས་པར་འདོད།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་གཙོ་ཐིག་ཏུ་བཟུང་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྔར་ལས་ཤུགས་འདོན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོ་བྱེད་པ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ཧི་པེ་ཞིང་ཆེན་གྱི་རིག་ནུས་སྐྱེ་ཁམས་འཆར་འགོད་དང་བཟོ་ལས་ལྗང་མདོག་རིམ་སྤོར། སྲ་གཟུགས་སྙིགས་རྫས་འཁོར་རྒྱུག་བེད་སྤྱོད་ཀྱི་རྣམ་པ་སོགས་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཐད་གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། སྒུལ་ཤུགས་གསར་བ་འཕེལ་རྒྱས་དང་རྒྱ་བསྐྱེད་པ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་འབད་འཐབ་ལྷོད་མེད་བྱ་དགོས།

ལྷ་མོ་འཚོས་བསྒྱུར།