
ཟླ11པའི་ཚེས5ཉིན། རང་རྒྱལ་གྱི་གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་མཁའ་བསྐྱོད་མ་གྲུ་ཐོག་མ་ལ་དར་ཆ་སྤྲོད་པའི་མཛད་སྒོ་ཧའེ་ནན་སན་ཡའི་དམག་དོན་གྲུ་ཁ་ག་གེ་མོ་རུ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་མ་གྲུའི་ཐོག་ཕེབས་ཏེ་གཟིགས་ཞིབ་གནང་། དཔོན་དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་གནང་རྒྱུའི་ཐུགས་རེ་ནན་མོ་དེར་གོ་བ་ཟབ་མོ་བླངས་ནས། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཚང་མས་མགྲིན་གཅིག་ཏུ་བསྟན་དོན“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་ལག་བསྟར་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དཀའ་སྤྱད་སྡུག་རུས་ཀྱིས་བྱ་བ་དངོས་སྒྲུབ་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་གི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས།
མཁའ་སྐྱོད་མ་གྲུ་འཕེལ་རྒྱས་གཏོང་བ་དང་མཁའ་སྐྱོད་མ་གྲུ་སྟོབས་ཆེར་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱིས་རྒྱ་མཚོར་ཕྱོགས་ནས་སྟོབས་ལྡན་དུ་འགྱུར་བའི་མི་རབས་ནས་མི་རབས་བར་གྱི་ཕུགས་འདུན་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་རང་རྒྱལ་གྱི་མཁའ་སྐྱོད་མ་གྲུ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་། ཧྥུའུ་ཅན་མ་གྲུས་གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་ལག་རྩལ་སྤྱོད་རྒྱུ་གཏན་འབེབ་གནང་སྟེ། མཁའ་སྐྱོད་མ་གྲུ་བྱ་བ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྣེ་ཁྲིད་བྱས་ནས། མི་དམངས་མཚོ་དམག་གི་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འགྲུལ་བཞུད་གསར་པ་ཞིག་གི་མགོ་བརྩམས། དར་ཆ་སྤྲོད་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་ཧྥུའུ་ཅན་མ་གྲུའི་སྟེང་ཕེབས་ནས། འབྲེལ་ཡོད་སྒྲིག་ཆས་སྒྲིག་བཀོད་དང་འཕུར་སྐྱོད་སྦྱོང་བརྡར་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ཚང་མར་ཆེད་ལས་རྩལ་ནུས་དང་དམག་འཐབ་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཧྥུའུ་ཅན་མ་གྲུའི་འཐབ་ནུས་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་ལྕག་གནང་།
ཧྥུའུ་ཅན་མ་གྲུའི་གྲུ་དཔོན་ཁྲིན་ཀྲི་ཀའོ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕྱག་ནས་དམག་དར་བླངས་པ་ནི། ལྗིད་ཏིག་ཏིག་གི་འགན་འཁྲི་དང་ལེན་བྱས་པ་རེད། རང་རྒྱལ་གྱི་གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་མཁའ་སྐྱོད་མ་གྲུ་ཐོག་མའི་གྲུ་དཔོན་ཡིན་པའི་ཆ་ནས། མ་གྲུའི་དཔོན་དམག་ཡོངས་ཀྱི་སྣེ་ཁྲིད་དེ་མ་གྲུ་གསར་པའི་ཁ་ལོ་བསྒྱུར་ནས་ཐག་རིང་རྒྱ་མཚོ་ཆེན་པོར་བསྐྱོད་དེ་རླུང་རླབས་དྲག་པོར་ཁ་གཏད་འཇལ་ཐུབ་པའི་ཡིད་ཆེས་ཡོད་དགོས། ད་ལྟའི་ལས་འགན་གཙོ་བོ་ནི་སྒྲིག་ཆས་གསར་པའི་སྤུས་ནུས་ཚོད་ལྟ་དང་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། མ་གྲུའི་ཐོག་གི་གནམ་གྲུའི་འགན་ལེན་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་བཏང་ནས། དམག་དཔུང་སྡེ་ཁག་གི་དམག་འཐབ་ནུས་པ་སྔ་ཙམ་ཆགས་པ་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཐབས་ལམ་བསྙེགས་ན། ཧྥུའུ་ཅན་མ་གྲུས་རླབས་གཤག་དཔུང་སྐྱོད་ཀྱིས་མཚོ་ལམ་གསར་པ་གཏོད་ཐུབ་ངེས་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།
མཚོ་དམག་གི་གནམ་གྲུའི་འཕུར་སྐྱོད་པ་སུན་ཀྲིན་ཞུང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་དམག་དཔུང་ལ་དོ་ཁུར་ཆེན་པོ་གནང་བཞིན་ཡོད། ཐེངས་འདིར་ཆེད་དུ་མ་གྲུའི་སྟེང་ཕེབས་ནས་གཟིགས་ཞིབ་གནང་སྟེ། མ་གྲུ་གསར་པའི་ནུས་པ་ཇི་འདྲ་ཡིན་པ་དང་། སྦྱོང་བརྡར་གྱི་དཀའ་གནད་གང་ན་ཡོད་པ་ཞིབ་འདྲི་གནང་ཞིང་། ང་ཚོའི་སྤོབས་པ་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་པ་དང་། ཚང་མར་ཚན་རིག་དང་མཐུན་པའི་སྦྱོང་བརྡར་དང་། སྙིང་རུས་ཆེན་པོས་སྦྱོང་བརྡར། བདེ་འཇགས་ངང་སྦྱོང་བརྡར་བྱ་དགོས་པའི་སྐུལ་ལྕག་གནང་། ང་ཚོས་ངེས་པར་དུ་མངགས་བཅོལ་ཡིད་ལ་བརྟན་པོ་བཅངས་ནས་ཞུམ་པ་མེད་པའི་སྙིང་སྟོབས་དར་སྤེལ་དང་། དཀའ་སྤྱད་ཀྱིས་འཕུར་རྩལ་སྦྱངས་ཏེ་མ་གྲུའི་ཁ་ལོ་བསྒྱུར་ནས་རྒྱ་མཚོ་ཆེན་པོར་བསྐྱོད་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ། རང་རྒྱལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མཁའ་སྐྱོད་མ་གྲུ་གསར་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཐུབ་ཡོད། ཧྥུའུ་ཅན་མ་གྲུ་ནི་རང་རྒྱལ་གྱིས་རང་བདག་གིས་ཇུས་འགོད་བཟོ་སྐྲུན་བྱས་ཤིང་། གློག་ཁབ་ལེན་ལྡེམ་ཤུགས་ལག་རྩལ་དེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པས། རང་དམག་གི་གོ་མཚོན་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཡིན། ཧྥུའུ་ཅན་མ་གྲུ་དམག་དཔུང་ནང་ཞུགས་པ་དེས་མཁའ་སྐྱོད་མ་གྲུ་ཡི་ཚན་ཞིབ་ཐོན་སྐྱེད་མི་སྣ་དང་དམག་དཔུང་གི་ཚན་རྩལ་པས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་གྲུབ་འབྲས་གསར་པ་ཐོབ་པའི་ཡིད་ཆེས་དང་ངར་ཤུགས་འཕེལ་བར་བྱས་ཡོད།
དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་ཚའོ་ལུའུ་ཡིས་བཤད་རྒྱུར། གློག་ཁབ་ལེན་ལྡེམ་ཤུགས་ཅན་གྱི་རྣམ་པའི་མཁའ་སྐྱོད་མ་གྲུ་འགྲུབ་པ་ནི་དགུ་གསུམ་དམག་གཟིགས་བྱས་རྗེས། རང་དམག་གི་གོ་མཚོན་སྒྲིག་ཆས་གསར་པ་ཞིག་ཕྱིར་མངོན་པ་ཡིན་ལ། “ཀྲུང་གོའི་བཟོ་སྐྲུན”རེ་རེ་བཞིན་ལ་བལྟས་ཚེ། མྱོང་ཚོར་ཆེས་ཟབ་པ་ནི་ཚན་རྩལ་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་བས་སྒྲུབ་མི་ཐུབ་པའི་བྱ་བ་མེད་པ་དེ་རེད། ང་ཚོའི་དམག་དཔུང་གི་ཚན་རྩལ་ལས་སྒྲུབ་པས་བློ་བརྟན་འགྱུར་མེད་ཀྱིས་རང་བདག་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། གསར་དར་ཁྱབ་ཁོངས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་འཐབ་ལ་དམིགས་ནས་ཚན་ཞིབ་གྲུབ་འབྲས་ཚུལ་སྒྱུར་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱིས་སྔར་བས་ལེགས་པའི་སྒོ་ནས་འཐབ་རྩལ་ལ་ནུས་པ་བསྩོལ་དགོས།
ཀྲུང་གོ་གྲུ་གཟིངས་སྡེ་ཚོགས་ཚད་ཡོད་ཀུང་སིའི་བཟོ་སྐྲུན་ལྟ་སྐུལ་བ་ཝུའུ་ཙེ་རེན་གྱིས་བཤད་རྒྱུར། ཧྥུའུ་ཅན་མ་གྲུར་དར་ཆ་སྤྲོད་པའི་མཛད་སྒོར་དངོས་སུ་ཞུགས་པར་ཧ་ཅང་དགའ་པོ་བྱུང་། ཉིན་འདི་དག་ལ་ང་ཚོའི་ལས་གྲོགས་དང་ཁྱིམ་མིའི་བར་གླེང་མོལ་ཆེས་མང་བ་ནི་ཧྥུའུ་ཅན་མ་གྲུ་རེད། ཚང་མས་རྣམ་པ་གསར་པའི་མཁའ་སྐྱོད་མ་གྲུ་རུ་དཔུང་དུ་ཞུགས་པ་མཐོང་ནས་ཚང་མར་ཡིད་ཆེས་དང་སྤོབས་པ་ཆེན་པོ་བསྩལ་ཡོད་ལ། མཁའ་སྐྱོད་མ་གྲུའི་འབྱུང་འགྱུར་འཕེལ་རྒྱས་ལ་བསམ་གཞིག་ཟབ་མོ་བྱེད་ཀྱིན་ཡོད། ཧྥུའུ་ཅན་མ་གྲུ་ཇུས་འགོད་དཔེ་རིས་ནས་མགྱོགས་མྱུར་མ་གྲུ་ཆེན་པོར་གྱུར་པར་ཕྱིར་དྲན་བྱས་ཚེ། ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ཅིང་། རྒྱལ་ཁབ་ཀྱི་བཟོ་ལས་མ་ལག་ཆ་ཚང་གི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ངས་གཟི་བརྗིད་དང་འགན་འཁྲི་འདི་ཡིད་ལ་དམ་པོ་བཅངས་ནས། ལག་ཤེས་པའི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོའི་མཆོག་ནོར་ལ་མུ་མཐུད་དུ་སྟོབས་ཤུགས་འབུལ་རྒྱུ་ཡིན།
རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས། དམག་དཔུང་སྟོབས་ལྡན་དུ་བཏང་ན་ད་གཟོད་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློའི་མཛུབ་སྟོན་འོག དུས་རབས་གསར་པའི་མི་དམངས་དམག་དཔུང་གིས་ཡིད་ཆེས་བརྟན་པོ་དང་ཏང་གི་བཀོད་འདོམས་ལ་ཉན་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཤིང་། འཛམ་གླིང་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།
མཚོ་དམག་ཆབ་སྲིད་ལས་དོན་པུའུ་ཡི་ཀྲང་ཞའོ་ལེའང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་མ་གྲུར་གཟིགས་ཞིབ་གནང་སྐབས། འཕུར་སྐྱོད་སྒྲོན་སྟེགས་དང་ཁ་ལོ་བསྒྱུར་ཁང་། ཟ་ཁང་། དམག་མིའི་གྲུ་ཁང་བཅས་སུ་ཕེབས་ནས་དཔོན་དམག་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ཚང་མའི་སློབ་སྦྱོང་དང་འཚར་ལོངས་ཀྱི་གནས་ཚུལ་ལ་ཐུགས་ཁུར་མཛད་དེ། རྒྱ་ཆེའི་དཔོན་དམག་ལ་དྲོད་སྐྱིད་ཆེན་པོ་དང་ངར་ཤུགས་ལྡབ་འགྱུར་གྱིས་རྒྱས་པར་བྱས། ད་ལྟ་མཚོ་དམག་གི་གོ་མཚོན་སྒྲིག་ཆས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས། དམག་མི་གསོ་སྐྱོང་གི་ལས་དོན་ཡང་ངེས་པར་དུ་རྗེས་ཆོད་ཐུབ་པ་བྱེད་དགོས་པ་དང་། ང་ཚོས་ངེས་པར་དུ་སྤྱིའི་བཀོད་འདོམས་པའི་རེ་ལྟོས་ཆེན་པོ་ཡིད་ལ་དམ་པོར་བཅངས་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། ཤུགས་ཆེན་པོས་མཚོ་དམག་གི་འཐབ་ཇུས་ཚུལ་སྒྱུར་དང་འཚམས་པའི་ཤེས་ལྡན་མི་སྣའི་རུ་དཔུང་གསོ་སྐྱོང་བྱེད་དགོས་ལ། དམག་གྲུ་ལེ་དབར་ཁྲི་ཕྲག་ལ་བསྐྱོད་ཀྱང་ཁ་ཕྱོགས་མི་ནོར་བ་དང་། སྙིང་རུས་བརྟན་ཞིང་དཔའ་གདེང་ཡོད་པ། ངར་ཤུགས་དེ་བས་ཀྱང་ཡོད་པར་བྱེད་དགོས།
ལྷོ་རྒྱུད་འཐབ་ཁུལ་མཉམ་འབྲེལ་ཇུས་འདོན་པུའུ་ཡི་ཧྥང་ཞིན་གྱིས་བཤད་རྒྱུར། ཧྥུའུ་ཅན་མ་གྲུ་འཐབ་འཛིང་གི་སྒྲིག་ཁོངས་སུ་ཞུགས་པ་དེས། རང་དམག“མ་གྲུ་གསུམ་གྱི་དུས་རབས”ལ་དངོས་སུ་སླེབས་པ་མཚོན། རྙོག་འཛིང་ཆེ་བའི་གནས་བབ་དང་འགྲན་སློང་ལ་ཁ་གཏད་འཇལ་བར་སྔར་བས་བློ་བདེ་བག་ཕེབས་བྱུང་ཡོད་ལ། དཔོན་དམག་གི་རྒྱལ་ཁ་ལེན་ཐུབ་པའི་སེམས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། ང་ཚོའི་འཐབ་ཁུལ་ལ་མཚོན་ནས་བཤད་ན། ངེས་པར་དུ་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་། རྣམ་པ་གསར་པའི་དམག་འཐབ་སྟོབས་ཤུགས་བཀོལ་སྤྱོད་བྱེད་སྟངས་ལ་ཞིབ་འཇུག་དང་འཚོལ་ཞིབ་གང་མགྱོགས་བྱས་ཏེ། “རྒྱལ་ཁབ་ཀྱི་མཆོག་ནོར”དངོས་སུ“རྒྱལ་ཁ་ལེན་ཐུབ་པའི་མཆོག་ནོར”དུ་འགྱུར་བར་བྱ་དགོས། མཉམ་འབྲེལ་དམག་འཐབ་མ་ལག་ལ་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ངང་བབ་བསྟུན་གྱིས་དམག་དོན་འཐབ་རྩོད་སྤེལ་བ་དང་། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།