ཞིང་ཆེན་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ11པའི་ཚེས8ཉིན། ཞིང་ཆེན་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་སྒྲིག་བཟོ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིའི་འཆར་ཟིན་འགོད་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་། ཀྲུང་དབྱང་གི་དགོངས་དོན་སྔར་ལས་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི་ལག་ལེན་མངོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིའི་འཆར་ཟིན་འགོད་པའི་བྱ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྒྲིག་བཟོའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་། ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྒྲིག་བཟོའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ལུའོ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཞིང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བཟོ་པའི་སྐོར་གྱི་གྲོས་གཞི་ཡིས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་གནང་བས། དེ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞི་དང་རྩ་གནད། དེ་མིན་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པ། དམིགས་གཏད་རང་བཞིན་དང་དངོས་འབེབས་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་དུ་ལག་བསྟར་དོན་འཁྱོལ་མཐིལ་ཕྱིན་བྱེད་པར་ཁག་ཐེག་བྱ་དགོས་ཞེས་བཏོན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་ཞིང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིའི་འཆར་ཟིན་ལེགས་པོར་འགོད་པ་དང་། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་ལེགས་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཕྱོགས་ཡོངས་ནས་དཔེ་བསྡུར་ཚད་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་གྲོས་གཞིའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ཤིང་། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་རྟགས་ལ་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་མཚོ་སྔོན་གྱི་དངོས་ཡོད་དང་མཐུན་པ། ལོ་ལྔའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཆར་འགོད་འབད་པས་གཏན་འབེབས་བཟོ་དགོས། དབྱེ་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཁུལ་ཁོངས་དབྱེ་ཞིབ་རིམ་པ་དགར་བའི་ས་ཁོངས་དབྱེ་བའི་མཐུན་སྦྱོར་ཞིབ་འཇུག་རྐྱེན་སྲོལ་བཙུགས་ཏེ། ཐོན་ལས་ཀྱི་སྤུས་འདེགས་རིམ་སྤོར་དང་། རྣམ་པ་གསར་བའི་ནུས་ཁུངས་མ་ལག་འཛུགས་པ། ཞིང་ལས་ཞིང་སྡེ་དང་། ཁུལ་ཁོངས་གྲོང་ཁྱེར། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད། དམངས་ཚིས་ལེགས་སྒྱུར་སོགས་ཐད་ཀྱི་བྱ་བར་དམིགས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་གནད་དོན་ཟབ་མོ་དང་སྒྲིག་གཞིའི་རང་བཞིན་གྱི་འགལ་བ། ལམ་ལག་རང་བཞིན་གྱི་བཀག་རྒྱ་བཅས་ཡང་དག་པར་བཙལ་ནས། མཚོ་སྔོན་གྱི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་ལས་འགན་དང་བསམ་བློའི་བྱེད་ཐབས་འཆར་འགོད་ལག་བསྟར་ནན་མོ་བྱ་དགོས། རྒྱལ་ཁབ་ཀྱི་པུའུ་ཨུའི་བར་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རང་འགུལ་ངང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འདྲེས་པར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་འབེན་ལས་འགན་གཏན་འབེབས་བྱས་ཏེ། མཚོ་སྔོན་གྱི་དགེ་མཚན་དང་ཁྱད་ཆོས་ལྡན་པར་བྱ་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་འཆར་ཟིན་འགོད་པའི་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་གྱིས་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རིམ་གཏན་འཁེལ་བྱས་ཏེ། གོང་འོག་རིམ་པའི་འཆར་འགོད་དང་ཆེད་དོན་སོ་སོའི་འཆར་འགོད། ཁུལ་ཁོངས་འཆར་འགོད་བཅས་ཀྱི་འབྲེལ་འདྲིས་སྦྲེལ་མཐུད་ལེགས་པོར་བསྒྲུབ་པ་དང་། གྲོས་གཞི་དང་རྩ་གནད་གཞི་གཅིག་ཅན་ལ་ཁག་ཐེག་བྱེད་ཅིང་། གཅིག་ཕན་གཅིག་གྲོགས་བྱས་ཏེ།    སྤུས་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

ཀྲང་ཅིན་ཀང་དང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་འཆར་ཟིན་འགོད་པའི་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།