ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་ཚེ་གང་མཚན་འཛིན་ཀྲུའུ་ཞི་པ་ཧི་དང་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོར་ཕེབས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་ཚེ་གང་མཚན་འཛིན་ཀྲུའུ་ཞི་པ་ཧི་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན།  ཨོ་ལིམ་ཕིག་སྙིང་སྟོབས་ནི་མིའི་རིགས་ཤེས་དཔལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་ལ་བཅངས་པའི་རེ་སྒུག་མཚོན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་བསམ་འདུན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད།  ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་མཁན་དང་། སྲུང་སྐྱོང་བྱེད་མཁན། ཁྱབ་སྤེལ་བྱེད་མཁན་བཅས་ཡིན། ཉེ་བའི་ལོ་འགའི་རིང་། ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ལུས་རྩལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ལག་གདང་སྦྲེལ་ནས་དོན་ཆེན་དང་བྱ་བ་བཟང་པོ་མང་པོ་བསྒྲུབས། ལོ་འགོར་ང་ཚོས་གངས་འཁྱག་གིས་ཁེངས་པའི་ཧར་པིན་དུ་ཡ་གླིང་དགུན་དུས་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་འཚོགས། དེ་རིང་ཡང་དྲོད་ཀྱིས་ཁེངས་པའི་ཀོང་ཀྲོའུ་རུ་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་འདི་ལས། ཀྲུང་གོ་དང་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་བར་གྱི་མཛའ་མཐུན་འབྲེལ་བ་དམ་ཞིང་ཟབ་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་ལུས་རྩལ་བཅོས་སྐྱོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་དང། ཆུ་ཚད་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་བསྒྲུབ་པ་ཡིན། ཀོང་ཏུང་ཞང་ཀང་ཨའོ་མོན་མཚོ་ཁུག་ཆེན་མོ་ནི་ཀྲུང་གོའི་སྒོ་འབྱེད་ཚད་མཐོ་ཤོས་དང་དཔལ་འབྱོར་གསོན་ཤུགས་ཆེས་དྲག་པའི་ས་ཁོངས་གྲས་ཀྱི་གཅིག་ཡིན། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི། ཀྲུང་གོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འཐབ་ཇུས་ཀྱི་རྟེན་གཞི་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་ཁུལ་བསྐྲུན་རྒྱུ་དེ་ཡིན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་བདེན་དཔང་བྱ་རྒྱུ་ཡིན་པ་མ་ཟད། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་མངོན་རྒྱུ་རེད།

ཁའོ་ཝུན་ཁྲུའེ་དང་པ་ཧོ་གཉིས་ཀྱིས་བསྟན་དོན། ཀོང་ཀྲོའུ་རུ་ཡོང་ནས་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་ཁྲོད་ནས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་དང་གྲུབ་འབྲས་ཆེན་པོ་ཉམས་སུ་མྱངས་པར་ཧ་ཅང་དགའ་ཡོད། ཀྲུང་གོས་ཨོ་ལིམ་ཕིག་གི་སྙིང་སྟོབས་ལག་ལེན་ཧུར་ཐག་བྱས་ནས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་དོན་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག  རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱ་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ལ། ཨོ་ལིམ་ཕིག་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་མཉམ་དུ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཨོ་ལིམ་ཕིག་ལུས་རྩལ་ཀྱི་སྙིང་སྟོབས་འཛམ་གླིང་ཀུན་ཏུ་ཁྱབ་ཏུ་འཇུག་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་ཇེ་དམ་དུ་བཏང་ནས། འཛམ་གླིང་གི་ཞི་བདེར་སྐུལ་འདེད་གཏོང་དགོས། འགོ་རྩོམ་ལ་ཉེ་བའི་ཀྲུང་གོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ངོ་མཚར་ཆེ་ལ་གྲུབ་འབྲས་ཐོབ་པའི་གཟབ་རྒྱས་འགྲན་ཚོགས་ཤིག་ཡིན་པར་ཡིད་ཆེས་ཡོད་ལ། ཀྲུང་གོའི་ལུས་རྩལ་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་ངེས་ཡིན།

ཝང་དབྱི་དང་། ཧོང་ཁུན་མིང་། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།