སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱས་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། མ་འོངས་པའི་ལོ་ལྔ་ཡི་དམིགས་འབེན་དང་ལས་འགན། བྱེད་ཐབས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་ཀོང་ཏུང་གི་སྟོབས་ཤུགས་འདོན་དགོས་ཚུལ་བསྟན།

ཐེངས་འདིའི་རྟོག་ཞིབ་ཀྱི་ས་ཚིགས་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མའེ་ཀྲིག་གྲོང་ཁྱེར་ཡན་དབྱང་གྲོང་རྡལ་གྱི་ཡེ་ཅན་དབྱིང་རྗེས་དྲན་གླིང་དུ་ཕེབས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནན་གྱི་བསྟན་དོན། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པའི་གཏམ་རྒྱུད་ཡག་པོར་བཤད་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། ལྷག་པར་དུ་གཞོན་ནུ་ལོ་ཆུང་དག་ལ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས། དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་པ་ཁྲིད་སྟོན་བྱ་དགོས།

ཡེ་ཅན་དབྱིང་རྗེས་དྲན་གླིང་དོ་དམ་ཅུའུ་ཡུལ་སྐོར་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་། ཝང་ཞིན་ལེའང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བརྩེ་བ་ཡོད་པའི་སྒོ་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། དམར་པོའི་གཏམ་རྒྱུད་ཡག་པོ་བཤད་པ། ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་དགོས་པའི་སྐུལ་ལྕག་གནང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་གསར་བརྗེའི་རིག་གནས་མཚོན་པར་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱ་དགོས།

མའེ་ཀྲིག་ནི་གསར་བརྗེའི་གནས་རྙིང་ཡིན་ལ། ཀྲུང་གོའི་ཤིང་ཏོག་ཡིའུ་ཙི་ཡི་ཕ་ས་ཡང་ཡིན། ལོ་ལེགས་བྱུང་བའི་དུས་སུ། ཡན་དབྱང་གྲོང་རྡལ་ནན་ཧྥུའུ་ཤིང་ཏོག་ཡིའི་ཙི་འདེབས་འཛུགས་རྟེན་གཞིར་ལོ་ལེགས་ཀྱི་རྣམ་པས་ཁེངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིང་ཏོག་གླིང་དུ་ཕེབས་ནས། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་རྒྱུས་ལོན་གནང་ཞིང་། ད་ལོའི་ཤིང་ཏོག་ཡིའུ་ཙི་ལ་ལོ་ལེགས་བྱུང་བ་དང་། ཚོང་ལམ་ཤར་གཏོང་ཐུབ་པ་ཤེས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས།

ཀོང་ཏུང་ཞིང་ཆེན་མའེ་ཀྲིག་གྲོང་ཁྱེར་མའེ་ཞན་ཆུས་ཏང་ཨུའི་ཧྲུའུ་ཅི་ལིན་ཡུན་གྱིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཤིང་ཏོག་ཡིའུ་ཙིའི་འདེབས་འཛུགས་དང་བཏོག་པའི་རིན་གོང་དྲིས་པ་མ་ཟད། ལྷག་པར་དུ་ཡིའུ་ཙི་འདེབས་འཛུགས་ཞིང་པར་ཡོང་འབབ་ག་ཚོད་ཡོད་པ་དྲིས། ང་ཚོས་ཁོང་ལ་ཡོང་འབབ་རྐྱང་རྐྱང་ཐད་ཧ་ལམ་མུའུ་གཅིག་ལ་སྒོར་ཆིག་ཁྲི་རེ་ཡོད་པར་བཤད་པ་ན། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་དགྱེས་ནས་ཚང་མས་ཤིང་ཏོག་ཡིའུ་ཙི་ཡི་ཐོན་ལས་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས།

མའེ་ཞན་ཆུས་ཀྱི་ཤིང་ཏོག་ཡིའུ་ཙི་འདེབས་འཛུགས་རྒྱ་ཁྱོན་མུའུ་འབུམ་གཉིས་ཁྲི་བརྒྱད་ཙམ་ཟིན་པ་དང་། ཡིའུ་ཙི་འདེབས་འཛུགས་ཞིང་པ་ཁྲི་ལྔ་ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་ཀྱིས་ཕྱོགས་གཅིག་ནས་ཚད་ལྡན་ཅན་གྱི་འདེབས་འཛུགས་ཁྱབ་གདལ་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་ཕྲེང་འབྲེལ་སྣུར་བསྲིང་བྱས་ནས། ཡིའུ་ཙིའི་ངོ་སྣུམ་ཐོན་རྫས་དང་། བཏུང་ཆུའི་རིགས། རིག་གནས་གསར་གཏོད་སོགས་ཀྱི་ཐོན་རྫས་གསར་སྤེལ་བྱས་ནས། ཤིང་ཏོག་ཡིའུ་ཙི་དེ་ས་གནས་ཀྱི་ཤིང་ཏོག་འདེབས་འཛུགས་ཞིང་པའི་ཕྱུག་འགྱུར་གྱི་ཡོང་འབབ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ནན་ཧྥུའུ་སྡེ་བ་རུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་དང་སྲིད་གཞུང་གིས་མུ་མཐུད་དུ་གནས་རྙིང་ཐད་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་དགོས་པ་དང་། གནས་རྙིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་སྡུག་རུས་བྱེད་དགོས་པའི་མངག་བཅོལ་གནང་། ཁོང་གིས་ཡུལ་མི་ཚོའི་འཚོ་བ་དེ་ཤིང་ཏོག་ཡིའུ་ཙི་ནང་བཞིན་མངར་ཞིང་མཛེས་པ་ཞིག་ཡོང་བའི་སྨོན་འདུན་ཞུས།

ཀོང་ཏུང་ཞིང་ཆེན་མའེ་ཀྲིག་གྲོང་ཁྱེར་མའེ་ཞན་ཆུས་ཡན་དབྱང་གྲོང་རྡལ་ནན་ཧྥུའུ་སྡེ་བའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཧོང་ཁའེ་ཀྲི་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཡུལ་མི་ཚོའི་འཚོ་བ་དེ་ཤིང་ཏོག་ཡིའུ་ཙི་ནང་བཞིན་མངར་ཞིང་མཛེས་པ་ཞིག་ཡོང་བའི་སྨོན་འདུན་ཞུས་པ་དེ་ནི་ང་ཚོའི་ཐད་ལ་བཅིངས་བའི་མཛེས་སྡུག་གི་རེ་སྨོན་ཡིན་ལ། ང་ཚོས་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་བསྒྲུབས་ནས། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་སྡུག་རུས་བྱས་ན། ང་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འགྱུར་ངེས་ཡིན།

ཐེངས་འདིའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀོང་ཏུང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་གསར་པ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནན་གྱི་བསྟན་དོན། ཀོང་ཏུང་གིས་ལེགས་ཆ་གསར་པ་གཏོད་པ་དང་། ཐོད་བརྒལ་གསར་པ་མངོན་འགྱུར་བྱེད་པར་ངེས་པར་དུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས་དང་དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས།

ཀོང་ཏུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་ཙེང་ཅིན་ཙེ་ཡིས་བཤད་རྒྱུར།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པར ”དམིགས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར་བྱ་རྒྱུ་དང་། གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་རྒྱུ་ཡིན་ལ། ལྷག་པར་དུ་མི་ཐབས་རིག་ནུས་དང་། འཕྲུལ་མི། སྐྱེ་དངོས་བཟོ་སྐྲུན། དམའ་དབྱིངས་དཔལ་འབྱོར། ནུས་གསོག་གསར་པ་སོགས་ཐོན་ལས་ཀྱི་འགྲན་ལམ་གསར་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་པས་བཟོ་ལས་ཅན་གསར་བར་སྒུལ་ནུས་བསྩལ་ཏེ་འཛམ་གླིང་རིམ་པའི་ཐོན་ལས་ཁྱུ་ཚོགས་གསར་སྐྲུན་བྱ་རྒྱུ་ཡིན།

ཀོང་ཀྲོའུ་ནན་ཧྲ་གསར་སྤེལ་ས་ཁུལ་(རང་མོས་ཉོ་ཚོང་ཁུལ་ནན་ཧྲ་ཁུལ་ཁོངས)དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཡོན་པིའོ་ཡིས་བཤད་རྒྱུར།

ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་གཅིག་ཏུ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་དང་། “ཕྱིར་སྐྱོད་པ་”དང་“ནང་འདྲེན”གྱི་ཕྱོགས་གཉིས་ལ་ཤུགས་སྣོན་པར་གཅིག་བསྡུས་བྱས་ནས། “རྒྱུད་གཅིག་ལམ་གཅིག་”གི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་ནན་ཧྲ་ཡི་བྱས་རྗེས་འཇོག་རྒྱུ་ཡིན། 

སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་བྱེད་པ་དེ་ཀོང་ཏུང་ལ་མཚོན་ནས་བཤད་ན། འགན་འཁྲི་ལྕི་མོ་ཡིན་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཀྱང་ཡིན། ད་ལྟའི་མཚོ་ཁུག་ཆེན་མོ་ས་ཁུལ་གྱི“དུས་ཚོད་གཅིག་གི་འཚོ་བའི་ཚོམས”མགྱོགས་མྱུར་ངང་དོན་དངོས་སུ་འགྱུར་བཞིན་ཡོད་པ་དང་། ཆན་ཧའེ་དང་ཧོང་ཆིན་སོགས་མཉམ་ལས་ལས་སྟེགས་འཛུགས་སྐྲུན་མགྱོགས་མྱུར་ངང་སྒྲུབ་བཞིན་ཡོད་ལ། ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་ལས་མུ་མཐུད་དུ་སྐས་རིམ་གསར་པ་ཞིག་ཏུ་སླེབས།

ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་ཆན་ཧའེ་དོ་དམ་ཅུའུ་ཡི་སྲིད་ཇུས་ཞིབ་འཇུག་དང་ལམ་ལུགས་གསར་གཏོད་ཁྲུའུ་ཡི་ཁྲུའུ་ཀྲང་། ཁྲིན་ཁྲེན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཉན་རྗེས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་པ་དང་སྤོབས་པ་རྒྱས་སུ་བཅུག  རིམ་པ་རྗེས་མར། ང་ཚོས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་བྱེད་པ་སྣེ་ཁྲིད་དུ་བཟུང་ནས། ཞང་ཀང་གི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་དང་། གློག་རྡུལ་ཆ་འཕྲིན་ལ་ཁ་ཕྱོགས་པ་སོགས་གཙོ་གནད་ལས་རིགས་ཀྱི་དཔེ་མཚོན་ཡུལ་རྣམ་སྐོར་ཞིག་གསོ་སྤེལ་བྱས་ནས། དེང་རབས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་སྒྲོག ལག་བསྟར་བྱ་རྒྱུ་ནི་དེང་ཕྱིན་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ཀོང་ཏུང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ། མདུན་དུ་སྐྱོད་པ་དང་། མ་དཔེ་སྟོན་པ། འགན་གཙོ་བོ་འཁུར་བའི་ལས་འགན་ཕྲག་ཏུ་འཁུར་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་མུ་མཐུད་དུ་ཐོབ་པར་བྱ་རྒྱུ་ཡིན།

ཀོང་ཏུང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀོང་ཀྲིན་ཀྲི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེས་ཀོང་ཏུང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འབད་འཐབ་འགྲོ་ལམ་དུ་བརྟན་བརླིང་ངང་མདུན་དུ་བསྐྱོད་པར་ཁ་ཕྱོགས་བསྟན་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་ཟབ་མོ་ལེན་དགོས་ལ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་གྱི་འཕེལ་རྒྱས་གོ་སྐབས་མཐའ་གཅིག་ཏུ་དམ་འཛིན་བྱེད་པ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་པ་འབད་པས་གཏོད་པར། ཀོང་ཏུང་གི་སྟོབས་ཤུགས་འབུལ་དགོས།