
ཟླ11པའི་ཚེས9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས34པ་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“དམངས་ཡོངས་ཀྱི་མེ་ཟོན་དང་ཚེ་སྲོག་བླ་ན་མེད་པ་སྟེ། བདེ་འཇགས་སྒོས་མེ་དང་གློག་བཀོལ་བ”བརྗོད་དོན་གཙོ་བོར་བཟུང་ནས། མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་མང་སྤེལ།
ཚེས་དགུ་ཉིན། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་ཡིས་ཡུན་ནན་ཀྲའོ་ཐུང་དུ་ཆུ་ཁོངས་རོགས་སྐྱོབ་ཀྱི་འཁྲབ་སྦྱོང་སྒྲིག་འཛུགས་བྱས་ཏེ། གྲོང་ཁྱེར་གྱི་ཞོད་སྐྱོན་མི་སྣ་ཉེན་ཁའི་གནས་སུ་ལྷུང་ཡོད་པ་ལད་ཟློས་བྱས་ནས། གྲུ་གཟིངས་དང་མི་མེད་གནམ་གྲུས་གཞོགས་འདེགས་བྱས་ཏེ། མེ་གསོད་མི་སྣ་ཟམ་པར་བརྟེན་ནས་རོགས་སྐྱོབ་བྱ་ཡུལ་དུ་སླེབས་པ་དང་། ཆུ་ཀློང་ཆེན་མོའི་ཁྲོད་དཀའ་ངལ་ལ་འཕྲད་པའི་མི་དག་བདེ་སར་གནས་སྤར། ཐོན་སྐྱེད་འཚོ་བའི་ཡུལ་རྣམ་གྱི་མེ་སྐྱོན་ལ་དམིགས་ཏེ། ཅང་སུའུ་དང་ཀོང་ཞིས་སོགས་སུ་མེ་གསོད་རོགས་སྐྱོབ་འཁྲབ་སྦྱོང་བྱས་པ་དང་། མེ་གསོད་མི་སྣ་མེ་གསོད་འཕྲུལ་མི་དང་རིག་ནུས་རྨོག་ཞྭའི་རོགས་རམ་འོག་མེ་སྐྱོན་ཆེན་པོའི་ནང་བསྐྱོད་དེ། མེ་ཤུགས་ལ་ནུས་ལྡན་གྱིས་ཚོད་འཛིན་བྱས། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་གྲྭ་དང་མཁར་སྡེ་རུ་ཁྱབ་པར་བྱས་ནས། བསྟུད་མར་ཉིན་འགར། པེ་ཅིན་དང་། མཚོ་སྔོན། ཨན་ཧའེ་སོགས་ཀྱི་མེ་ཟོན་སྡེ་ཁག་གིས་སློབ་གྲྭ་རུ་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས། ཧའོ་པེ་དང་། ཞིན་ཅང་། སི་ཁྲོན་སོགས་ཀྱིས་མཁར་སྡེ་རུ་མེ་དང་གློག་སྤྱོད་པའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས། ཧྲན་ཏུང་དང་ཧུའུ་པེ་སོགས་ཀྱི་མེ་ཟོན་སྡེ་ཁག་གིས་མེ་ཟོན་རྩལ་ནུས་འགྲན་སྡུར་བྱས་པ་བརྒྱུད། བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་བཏང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ད་དུང་སྨྱན་སྦྱོར་གསར་པ་སྤྱད་དེ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཤིང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་དང་མཉམ་འབྲེལ་སྒོས་དམངས་ཡོངས་ཀྱི་བདེ་འཇགས་ཡོངས་བསྒྲགས་སློབ་ཁྲིད་བསྒྲུབས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་།
མེ་དང་གློག་སྤྱོད་པའི་བདེ་འཇགས་ལ་དམིགས་ཏེ། ཀྲེ་ཅང་གིས་ཚན་རྩལ་གྱི་བྱེད་ཐབས་གསར་གཏོད་ངང་བེད་སྤྱད་ནས། གློག་ཤུགས་ཚ་ལའི་འཕྲུལ་འཁོར་ལ་ཟོང་འབྲེལ་དྲ་རྒྱའི་ཉིང་ལེབ་སྒྲིག་སྦྱོར་དང་། ངེས་གཏན་གནས་ཐིག་གཏན་ཁེལ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ནུས་ཕྱོགས་གཅིག་ཏུ་བསྡུས། ཚ་ལ་རྒྱག་མཁན་གྱིས་མིང་ངོ་མ་བཀོད་ནས་བདེ་འཇགས་དཔྱད་དཔོག་བྱས་ན་ད་གཟོད་ལས་སྒྲུབ་ཀྱི་འགོ་རྩོམ་ཐུབ། ལས་སྒྲུབ་ཀྱི་ཁོར་ཡུག་ཏུ་འབར་ཐུབ་པའི་རླངས་གཟུགས་ཀྱི་གར་ཚད་དང་དྲོད་ཚད་ཚད་བརྒལ་སོགས་ཀྱི་གནས་ཚུལ་བྱུང་ན། མ་ལག་གིས་རང་འགུལ་གྱིས་གློག་བཅད་ནས་སྲུང་སྐྱོབ་བྱེད་པ་རེད། ད་ལྟ། ཀྲེ་ཅང་གི་ཚ་ལ་རྒྱག་པའི་ལས་ཁུངས་བརྒྱད་ཁྲི་ལྷག་གི་གློག་གི་ཚ་ལ་འཕྲུལ་འཁོར་ཉིས་འབུམ་བདུན་སྟོང་ཡོངས་ལ“ཉིང་སྣོན་ཨང་རྟགས་སྤྲོད་པ”ལེགས་པར་འགྲུབ་པ་དང་། སྒྲིག་འགལ་ངང་ནས་བཀོལ་སྤྱོད་བྱེད་པ་ཉིས་འབུམ་ཉེ་བ་ཙམ་ཕན་ནུས་ལྡན་པའི་སྒོ་ནས་བཀག་འགོག་བྱས། འབྲེལ་ཡོད་རིག་ནུས་བཀོལ་སྤྱོད་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོར་ཁྱབ་གདལ་དུ་བཏང་།
ཀྲེ་ཅང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིན་གྱི་བཟོ་གཏེར་བདེ་འཇགས་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་། མའོ་སུང་མིང་གིས་བཤད་རྒྱུར།
བཟོ་ལས་ཁེ་ལས་ཀྱི་གློག་ཤུགས་ཚ་ལའི་ལས་ཀའིAIཡི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་བྱེད་པ་ནས། མཇུག་མཐར་བདེ་འཇགས་ཐོན་སྐྱེད་ཀྱི་མངའ་ཁོངས་ཡོངས་ལ་ཁྱབ་པ་འདིས། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་བྱེད་སྟངས་དོན་དམ་པས་བསྒྲུབས་ཏེ་ལས་ཀ་མ་སྒྲུབ་པའི་སྔོན་ལ་སྔོན་འགོག་བྱེད་པའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བྱས།