ཅང་སུའུ་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ད་ལོ་ནི་ཅང་སུའུ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་བཅོ་ལྔ་པ་རེད། ཟླ11པའི་ཚེས9ཉིན་ནས་ཚེས10ཉིན་བར། ཅང་སུའུ་ཞིང་ཆེན་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཞའོ་ཐའོ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་བཞུགས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་མཛུབ་སྟོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཅང་སུའུ་ཡིས་དུས་ཡུན་རིང་པོར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་དོ་སྣང་གནང་ལ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱིས་ཞིང་ཆེན་གཉིས་ཀྱི་བར་ཐག་སྔར་ལས་ཉེ་ཞིང་འབྲེལ་བ་སྔར་ལས་ཟབ་པར་བྱས་སྟབས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་སྒོས་མངོན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་དྲོད་འཁོལ་ཚོར་ཐུབ་པར་བྱས་ཡོད། མིག་སྔར། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཅིང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་ཀྱིན་ཡོད་ལ། མ་འོངས་པར། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པར་དམ་པོར་དམིགས་ནས། ནུས་ཤུགས་ཡོད་རྒུས་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་སོགས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཕྱིར། ཕྱོགས་གཉིས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་བསྐྱེད་པ་དང་ཐོན་ལས་མཉམ་ལས་མཉམ་རྒྱལ། དམངས་ཚིས་འགན་སྲུང་སྤུས་ནུས་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་བ། མི་རིགས་སོ་སོ་རྒྱ་ཆེར་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། ལས་བྱེད་འཇོན་མི་སྐྱེད་སྲིང་གསོ་སྦྱོང་བྱེད་པ་སོགས་ཀྱི་ཐད་སྔར་ལས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དགེ་མཚན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ་གསར་བ་གཏོད་པའི་རེ་བ་བྱེད་ཀྱིན་ཡོད། མཚོ་སྔོན་གྱིས་སྔར་བཞིན་ཅང་སུའུ་ཡི་ཁེ་ལས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ས་གནས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་བཟང་པོ་ལེན་ཐུབ་པར་བྱ་རྒྱུ་ཡིན་ཟེར།

ལིའུ་ཞའོ་ཐའོ་ཡིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་གྱིས་དུས་ཡུན་རིང་པོར་ཅང་སུའུ་ཡི་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ཅང་སུའུ་ཡིས་རོགས་སྐྱོར་བྱེད་པར་མངགས་པའི་ལས་བྱེད་འཇོན་མིར་བྱམས་བརྩེའི་བདག་སྐྱོང་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྐྱེ་ཁམས་གཙོར་འཛིན་རྒྱུན་འཁྱོངས་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ། མཚོ་སྔོན་གྱི་ལས་བྱེད་མང་ཚོགས་ཀྱི་དཔའ་ངར་ཆེར་སྐྱེད་དང་། དཀའ་སྤྱད་འབད་འཐབ། སྒེར་སེམས་མེད་པར་བྱས་རྗེས་འཇོག་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོར་ང་ཚོས་ནན་གྱིས་སློབ་སྦྱོང་བྱ་འོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་མཉམ་ལས་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཅང་སུའུ་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ངེས་པར་དུ་དོན་འཁྱོལ་བཟང་པོ་བྱེད་དགོས་པའི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པར་མ་ཟད། ཅང་སུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དེའང་ཡིན། མཚོ་སྔོན་གྱིས་ཅང་སུའུ་ལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་དང་ལྗང་གློག་ཐོན་ཁུངས་བརྒྱུད་འདྲེན་བྱས་པས། མཚོ་སྔོན་དུ་དངུལ་གཏོང་བྱས་ནས་འཕེལ་རྒྱས་བྱུང་བའི་ཅང་སུའུ་ཡི་ཁེ་ལས་ལ་ཐོན་ཁུངས་དང་ཁྲོམ་ར་འདོན་སྤྲོད་བྱས་ཤིང་། ཅང་སུའུ་ཡི་ལས་བྱེད་འཇོན་མིར་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་སྟེགས་བུ་དང་གོ་སྐབས་འདོན་སྤྲོད་བྱས་ཡོད། ང་ཚོས་ཐོན་ལས་དང་དམངས་ཚིས། འཛད་སྤྱོད། རིག་གནས་ཡུལ་སྐོར། འཇོན་མི་སོགས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་པ་དང་། སྟོབས་ཤུགས་མཉམ་སྦྲེལ་གྱིས་མཚོ་སྔོན་ལ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་སྒོས་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་བའི་ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་ཟབ་སྤེལ་གྱི་ལེའུ་གསར་བ་མཉམ་དུ་འབྲི་རྒྱུ་ཡིན་ཟེར།

མཚོ་སྔོན་དུ་སྡོད་སྐབས། འཐུས་ཚབ་ཚོགས་པ་ད་རུང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་སློབ་འབྲིང་དང་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་རུ་གསར་གྲོང་རྡལ་རྒྱལ་རྩེ་སྡེ་བའི་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་ཐོན་ལས་རྟེན་གཞི། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། མཚོ་ཤར་ཧུང་ཧྲི་གློག་འདྲེན་ཕྱེད་གཟུགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཕྱུགས་ནགས་ལས་ཚོང་ཟོག་བརྗེ་རེས་ཉོ་ཚོང་ལྟེ་གནས། ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་རུ་ཁག་གི་སྡོད་གནས་བཅས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིར་འཚམས་འདྲི་བྱས།

ཀྲང་ཅིན་ཀང་དང་ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། ལོའུ་ཀང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།