
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཚེས11ཉིན་པེ་ཅིན་དུ་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏི་ལ་མཇལ་འཕྲད་གནང་།
ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ནོར་ཝེ་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཟབ་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས། ན་ནིང་གི་ཟླ9པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་སི་ཐེ་ལེ་གཉིས་ཀྱིས་མཇལ་འཛོམས་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་བས་འཕེལ་རྒྱས་སུ་བཏང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་རླབས་ཆེན་གྱི་འཆར་གཞི་བཀོད་དེ། ཀྲུང་གོ་དང་ནོར་ཝེའི་མཉམ་ལས་ལ་དེ་བས་གོ་སྐབས་མང་པོ་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་ཡིན་ལ། འབྱོར་ཚོང་དངུལ་གཏོང་ལ་ཤུགས་སྣོན་པ་དང་། ལྗང་མདོག་རྣམ་སྒྱུར། གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་མང་པོ་བསྐྲུན་དགོས་པ་བསྟན།
ཨེ་ཏི་ཡིས་ཀྲུང་གོས་ལྗང་མདོག་རྣམ་སྒྱུར་འཕེལ་རྒྱས་སོགས་ཀྱི་ཐད་བླངས་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། ནོར་ཝེ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་བས་ཇེ་མཐོར་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།