
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཚེས10ཉིན། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པར་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཆེད་དོན་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་བསྡུས་པ་དང་། ཀྲུང་གོར་སྡོད་པའི་རྒྱལ་ཁབ160ལྷག་གི་མཐོ་རིམ་ཕྱི་འབྲེལ་དཔོན་ཚོགས་འདུར་ཞུགས།
ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་དང་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། འབྲེལ་ཡོད་ཆེད་མཁས་པ་བཅས་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་དོན་གཙོ་བོ་དང་དོན་སྙིང་གལ་ཆེན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞིར་དམིགས་ནས་བཏོན་པའི་ལྟ་བ་གསར་པ་དང་རིགས་པ་གསར་པ། བྱེད་ཐབས་གསར་པ། ད་དུང་ཀྲུང་གོའི་མ་འོངས་བའི་འཕེལ་རྒྱས་ཀྱི་འཛམ་གླིང་འཕེལ་རྒྱས་ཐད་ཀྱི་གོ་སྐབས་ཆེན་པོ་སོགས་ལ་དམིགས་ནས་དྲིལ་སྒྲོག་དང་འོས་སྦྱོར་གཏིང་ཟབ་བྱས།
དྲིལ་སྒྲོག་འོས་སྦྱོར་ཚོགས་འདུར་ཞུགས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞིའི་ནང་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་འཛམ་གླིང་དང་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན་པའི་བརྡ་རྟགས་གལ་ཆེན་བཏང་ཡོད་པས། ཀྲུང་གོའི་མ་འོངས་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད་ལ། ཀྲུང་གོ་དང་མཉམ་དུ་སྤེལ་རེས་མཉམ་ལས་ཇེ་ཟབ་བཏང་དུ་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་གིས་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།
ཀྲུང་གོར་བཅའ་སྡོད་བྱས་ཡོད་པའི་བྷང་ག་ལའི་གཞུང་ཚབ་ཆེན་མོ། ན་ཙེ་མོ་འར་གྱིས་བཤད་རྒྱུར།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གྲོས་གཞིའི་ནང། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐེངས་གང་མང་ལ་གླེང་ཡོད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། “ཆུང་ལ་མཛེས་པའི”དམངས་ཚིས་རྣམ་གྲངས་སྔར་ལས་མང་པོ་བསྐྲུན་དགོས་པ་ནན་གྱིས་བསྟན་ཡོད་པ་མཐོང་ནས་ཧ་ཅང་དགའ་ཡོད། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། བྷང་ག་ལ་ནང་དུ་ཚུད་པའི་འཛམ་གླིང་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་པར་རེ་སྒུག་བྱས་ཡོད།