ཞི་ཅིན་ཕིང་གིས་ཀྲུང་ཝེ་ཏང་གཉིས་ཀྱི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ11ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཝེ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་ལ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པའང་ཡིན། ཀྲུང་ཝེ་ཏང་གཉིས་ཀྱིས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་བཞིན་ཡོད་ལ། ཚང་མས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། དུས་རབས་ཀྱི་དྲི་བ་འདྲ་མཚུངས་སམ་རིགས་འདྲ་བ་མང་བོར་གདོང་གཏོད་བཞིན་ཡོད། ཏང་གཉིས་ཀྱིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ། ཐུན་མོང་ཐོག་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་བགྲོད་ལམ་འཚོལ་ཞིབ་དང་། ལག་གདང་སྦྲེལ་ནས་མར་ཁེ་སི་རིང་ལུགས་རང་ས་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལས་འགུལ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་“བློ་མཐུན་དང་སྤུན་ཟླའི་”མཛའ་བརྩེའི་ལེའུ་གསར་པ་ཟམ་མི་ཆད་པར་ཕྱག་བྲིས་གནང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཝེ་ཏང་གཉིས་ཀྱི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ནི་ཏང་གཉིས་བར་བསམ་བློ་བརྗེ་རེས་དང་གླེང་མོལ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། མཛའ་བརྩེ་དང་ཡིད་ཆེས་སྲ་བརྟན་དང་། བསམ་བློའི་ཐུན་མོང་ངོས་འཛིན་གཏིང་ཟབ། ཀྲུང་ཝེ་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་བླ་ལྷག་འདོན་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་གཞུང་དྲང་གསར་གཏོད་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མུ་མཐུད་ཤུགས་སྣོན་པ་དང་། གཞུང་ལུགས་ཞིབ་གྲོས་དང་རིག་གཞུང་སྤེལ་རེས་གཏིང་ཟབ་ཏུ་སྤེལ་བ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ཐུན་མོང་ཐོག་ངོས་འཛིན་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཀྲུང་ཝེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་གཞུང་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་མེད་ཀྱི་བྱ་གཞག་གི་ཆེད་དུ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

ཉིན་དེར། ཀྲུང་ཝེ་ཏང་གཉིས་ཀྱི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ཐེངས་ཉི་ཤུ་པ་ཝེ་ཐེ་ནམ་ཉིང་ཕིན་དུ་འཚོགས།