ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ11པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ། “གཙོ་གནད་གཉིས”འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བ་ལག་བསྟར་གཏིང་ཟབ་བྱ་རྒྱུར་ཞིབ་འཇུག་བྱས་པ་དང་། འཛད་སྤྱོད་ཐོན་རྫས་མཁོ་སྤྲོད་བྱེད་པའི་འོས་འཚམ་རང་བཞིན་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་ཤིང་། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གང་མགྱོགས་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས།《པུར་འཇུག་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། “གཙོ་གནད་གཉིས”འཛུགས་སྐྲུན་བྱ་རྒྱུ་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཁྱོན་ཡོངས་ཁྲོད་དུ་བཞག་ནས་ཇུས་འགོད་དང་སྐུལ་སྤེལ་བཏང་སྟེ།  འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་བླང་བྱ་ཁོང་དུ་དམ་པོར་ཆུད་དེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་གཞིར་ཞིབ་བཤེར་གཏན་འབེབས་ལེགས་སྒྱུར་བྱས་ཏེ།  གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་དངུལ་གཏོང་དང་གཟུགས་མེད་རྒྱུ་ནོར་གྱི་དངུལ་གཏོང་ལ་སྔར་བས་དོ་སྣང་བྱས་ཏེ།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་གཞི་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས།  བཟོ་སྐྲུན་སྤུས་ཚད་དང་བདེ་འཇགས་དོ་དམ་ནན་པོ་བྱེད་པ་དང་ཆབས་ཅིག་རྒྱུ་ནོར་དོ་དམ་དང་རྗེས་མཐུད་སྐྱེལ་འདྲེན་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ལས་གཞི་འཛུགས་སྐྲུན་དང་མ་དངུལ་གཏོང་སྤྲོད་ཀྱི་གོམ་སྟབས་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ཏེ། དུས་ཡུན་རིང་བའི་དངུལ་བུན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩ་སོགས་ཀྱི་མ་དངུལ་སྐུལ་སློང་བྱས་ནས།  དམངས་ཁྲོད་ཀྱི་མ་རྩ་སྔར་ལས་མང་བ་ཞུགས་པར་ཁྲིད་སྟོན་བྱ་དགོས།

གྲོས་ཚོགས་ལས་བསྟན་དོན། མཁོ་སྤྲོད་ཀྱི་འོས་འཚམ་རང་བཞིན་ཆེ་རུ་གཏོང་བ་ནི་འཛད་སྤྱོད་ཀྱི་བག་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། འཛད་སྤྱོད་རིམ་སྤར་གྱིས་ཐོན་ལས་རིམ་སྤར་ལ་སྣེ་ཁྲིད་དེ། མཁོ་སྤྲོད་སྤུས་ལེགས་ལ་བརྟེན་ནས་སྣ་མང་གི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་བ་དང་། མཁོ་སྤྲོད་ཀྱི་ཆུ་ཚད་སྔར་བས་མཐོ་བའི་འགུལ་རྣམ་དོ་སྙོམས་མངོན་འགྱུར་བྱེད་དགོས། ལག་རྩལ་གསར་པ་དང་དཔེ་དབྱིབས་གསར་པ་གསར་གཏོད་དང་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མི་ཐབས་རིག་ནུས་མཉམ་འདྲེས་ཀྱི་ནུས་འདོན་ལ་ཤུགས་བསྣན་ཏེ། གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཐོན་རྫས་གསར་པ་དང་གནས་ཐང་འཕར་བའི་ཞབས་ཞུ་གསར་སྤེལ་བྱས་ཏེ། འཛད་སྤྱོད་འཕར་ཚད་གསར་པ་རྒྱུན་མཐུད་ངང་རྒྱ་སྐྱེད་གཏོང་དགོས། ཁེ་ལས་ཀྱིས་ཁྱད་ཆོས་ལྡན་ཞིང་སྤུས་ཀ་དག་པའི་འཛད་རྫས་རྒྱ་བསྐྱེད་དང་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བདེ་འཇགས་དང་། ནུས་པ། ལྗང་མདོག་སོགས་ཀྱི་ཚད་གཞི་གསར་སྒྱུར་རིམ་སྤར་ཇེ་མགྱོགས་སུ་བཏང་སྟེ། བདེན་དཔང་ར་སྤྲོད་མ་ལག་འཐུས་ཚང་དུ་གཏོང་དགོས། ཁྲོམ་ར་ཞིབ་མོར་དབྱེ་ནས་ཚོགས་སྡེ་མི་འདྲ་བའི་དགོས་མཁོ་གནད་ལ་འཁེལ་བར་སྙོམ་སྒྲིག་བྱེད་པར་དམིགས་ནས།  མཉེན་གཤིས་བཟོ་སྐྲུན་བཟོ་གྲྭ་སྐོར་ཞིག་འཕེལ་རྒྱས་སུ་བཏང་སྟེ། ཐོན་སྐྱེད་ལས་ཆོད་ཆེན་པོས་འཛད་སྤྱོད་པའི་རང་གཤིས་ཅན་གྱི་དགོས་མཁོ་དང་ལེན་བྱེད་པར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ཏེ། འཛད་སྤྱོད་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

གྲོས་ཚོགས་ལས་བསྟན་དོན། ལོ་གཅིག་ལྷག་གི་རིང་ལ་ས་ཁུལ་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་། ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་གོམ་པ་བརྟན་པོ་སྤོས་ཡོད། མུ་མཐུད་མདུན་སྐྱོད་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་བཅས་ལ་དམིགས་ནས། རྒྱལ་ཁབ་ལ་དགོས་མཁོ་ཆེ་བའི་གསར་གཏོད་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས། སློབ་གསོའི་ཁྱབ་ཁོངས་སུ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་ཤུགས་བསྣན་པ་དང་། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་དང་འཚམ་པར་བྱས་ནས།  དྲང་སྙོམས་ཡོང་བར་སྐུལ་སྤེལ་དང་། སྤུས་ཚད་མཐོར་འདེགས། བཀོད་པ་ལེགས་འགྱུར་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སློབ་གསོའི་ཐོན་ཁུངས་སྤུས་ལེགས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཇེ་མང་དུ་གཏོང་དགོས།

གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་དང་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། འཆར་ཟིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས།

གྲོས་ཚོགས་ལས《པུར་འཇུག་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།