ལི་ཆང་གིས་ཐེ་ལན་གྱི་རྒྱལ་པོར་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ11པའི་ཚེས14ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐེ་ལན་ནི་གཉེན་ཉེ་བཟང་བོ་དང་། གྲོགས་པོ་བཟང་པོ། རོགས་པ་བཟང་པོ་བཅས་ཡིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་ནས། ཀྲུང་ཐེ་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། “ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ” ཀྲུང་ཕྱོགས་ཀྱིས་ཐེ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་བྱེད་པ། ཉོ་ཚོང་དང་། དངུལ་གཏོང་། ལྗང་མདོག་དཔལ་འབྱོར། མི་ཐབས་རིག་ནུས། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཐེ་ལེན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་བསྐྲུན་འདོད་ཡོད།

ཝ་ཅི་ལ་ལུང་ཀུང་གིས་བསྟན་དོན། ཐེ་ལེན་དང་ཀྲུང་གོའི་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་ལ་མདུན་ལམ་རྒྱ་ཆེན་པོ་ལྡན། ཐེ་ཕྱོགས་ཀྱིས་ཉེ་བའི་ལོ་འགའི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་འདོད་ཡོད།

ཝུའུ་ཀྲེང་ལུང་མཇལ་འཕྲད་ལ་ཞུགས།