
ཟླ11པའི་ཚེས16ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས22པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ《ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་དགོས》ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2023ལོའི་ཟླ9པ་ནས2025ལོའི་ཟླ4པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གནད་བཏུས་བྱས་པ་རེད།
རྩོམ་ཡིག་ནང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ནི་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པ་དང་། སྲོལ་རྒྱུན་གྱི་དཔལ་འབྱོར་འཕར་སྣོན་བྱེད་སྟངས་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐབས་ལམ་དོར་བ་དང་། ཚན་རྩལ་མཐོ་བ་དང་ཕན་ནུས་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་དང་མཐུན། དེ་ནི་ལག་རྩལ་གྱི་གསར་བརྗེའི་རང་བཞིན་གྱི་ཚད་བརྒལ་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག ཐོན་ལས་གཏིང་ཟབ་པའི་ཚུལ་སྒྱུར་རིམ་སྤར་བཅས་ལས་བྱུང་བ་དང་། ངལ་རྩོལ་པ་དང་ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་དང་དེ་མིན་གྲུབ་ཚུལ་ལེགས་སྒྲིག་བཅས་ཀྱི་མཆོང་སྐྱོད་དེ་གཞི་རྩའི་གོ་དོན་དུ་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་ཆེས་ཆེར་མཐོ་རུ་གཏོང་རྒྱུ་དེ་ལྟེ་བའི་མཚོན་རྟགས་དུ་བརྩིས་པས། ཁྱད་ཆོས་ནི་གསར་གཏོད་ཡིན་པ་དང་། གནད་འགག་ནི་སྤུས་ཚད་ལེགས་པོ་ཡིན་པ། ངོ་བོ་ནི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཡིན་པ་ནན་གྱིས་བསྟན།
རྩོམ་ཡིག་ལས་ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་པ་དང་རྣམ་པ་གསར་པ། འགུལ་ནུས་གསར་པ་བཅས་སྐྱེད་སྲིང་ཐུབ་པ་ནི་སྤུས་ཚད་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཚན་རྩལ་གསར་གཏོད་དམ་འཛིན་བྱེད་ན་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་ཚན་རྩལ་འབྲས་བུ་ཇེ་མང་དུ་གཏོང་དགོས་ལ། ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས། ཐོན་ལས་ཀྱི་གསར་གཏོད་དམ་འཛིན་བྱེད་ན། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་བརྟན་སྲུང་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསར་གཏོད་དང་མ་འོངས་ཐོན་ལས་ཀྱི་འགྲུལ་ལམ་གསར་བ་མཉམ་དུ་དམ་འཛིན་བྱ་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་དམ་འཛིན་བྱེད་པར་སྟེགས་བུ་འཛུགས་པ་དང་། སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་ཀྱི་གསར་གཏོད་གཙོ་གཟུགས་ཀྱི་གོ་གནས་ཇེ་དྲག་ཏུ་གཏོང་བ། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་འབྲེལ་མཐུད་ཡོང་བར་བྱ་དགོས་ཞེས་བསྟན།
རྩོམ་ཡིག་ལས་ཤུགས་རྐྱེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་མེད་པར་བཟོས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་འཚམ་པའི་ཐོན་སྐྱེད་འབྲེལ་བ་འཐུས་ཚང་དུ་གཏོང་དགོས། མངའ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་འདོན་སྤྲོད་བྱ་རྒྱུར་ཤུགས་བསྣན་ནས། སྔོན་ཐོན་གྱི་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་སྐོར་ཞིག་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ཕྱོགས་སུ་བསྡུ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་ཁག་གི་གཙོ་གཟུགས་གསོན་ཤུགས་ལ་སྐུལ་སྤེལ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཐོག་མའི་གསར་གཏོད་ནུས་པར་ཤུགས་སྣོན་པའི་ཐད་མུ་མཐུད་དུ་ཤུགས་འདོན་ཚད་ཇེ་མཐོར་བཏང་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་མདུན་གྲལ་གྱི་ལག་རྩལ་ལས་བརྒལ་བའི་ཐད་འགག་སྒྲོལ་དམ་འཛིན་བྱེད་དགོས། ཕྱོགས་ཡོངས་ནས་གསར་གཏོད་ལ་ཚོད་འཛིན་བྱེད་པའི་འགག་གནས་དང་ཤུགས་རྐྱེན་སེལ་ནས། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་བརྟན་པོ་འཛུགས་དགོས་པ་བསྟན།
རྩོམ་ཡིག་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། ངེས་པར་དུ་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་སྔར་ལས་འབུར་དུ་ཐོན་པའི་འཐབ་ཇུས་གོ་གནས་སུ་འཇོག་དགོས་པ་དང་། ཚན་རྩལ་གསར་སྐྲུན་སྣེ་ཁྲིད་དུ་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་གཞི་རྩ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས། ས་ཆ་སོ་སོས་དོན་དངོས་ནས་འགོ་རྩོམ་པ་རྒྱུན་འཁྱོངས་བྱས་ཏེ། རང་ས་གནས་ཀྱི་ཐོན་ཁུངས་ཁྱད་སྟོབས་དང་ཐོན་ལས་ཀྱི་རྨང་གཞི། ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་སོགས་ལ་གཞིགས་ནས། གདམ་གསེས་ཡོད་པའི་སྒོ་ནས་ཐོན་ལས་གསར་པ་དང་རྣམ་པ་གསར་པ། འགུལ་ནུས་གསར་པ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ཡོང་འབབ་ཀྱི་གཞི་རྩའི་བརྟེན་ས་ཡིན་པའི་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། གསར་རྙིང་འཕེལ་རྒྱས་ཀྱི་འགུལ་ནུས་བརྟན་པོའི་ངང་རྒྱུན་མཐུད་དང་བརྗེ་སྤོར་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཤ་བོ་རིན་མཚོས་བསྒྱུར།