​སྦྲེལ་དྲ་ཡིས་མི་དམངས་དང་འཛམ་གླིང་ལ་སྔར་བས་བདེ་སྐྱིད་བསྐྲུན་དུ་འཇུག་དགོས། 
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

2015ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་བར་སྟོང་ལས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་གི་འཐབ་ཇུས་ཀྱི་མཐོ་ས་ནས་འགྲེང་ཞིང་། འཛམ་གླིང་སྦྲེལ་དྲའི་འཕེལ་རྒྱས་ཀྱི་ཐུན་མོང་གི་གནད་དོན་ལ་དམིགས་ཏེ། “དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི”འདུ་ཤེས་བཏོན་པ་རེད། ལོ་ངོ་བཅུའི་རིང་ལ། འདུ་ཤེས་གལ་ཆེན་འདིའི་ཁྲིད་སྟོན་འོག རང་རྒྱལ་གྱི་དྲ་འཕྲིན་བྱ་གཞག་དེ་གོམ་སྟབས་ཆེན་པོས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཏུ་བསྐྱོད་པའི་འཕེལ་རིམ་ཁྲོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་ཞིག་བཏོད་ཡོད་ལ། གོ་ལ་ཧྲིལ་པོའི་སྦྲེལ་དྲའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད།

2025ལོའི་འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་གྱི་ཝུའུ་ཀྲེན་རྩེ་ཚོགས་གྲོལ་ནས་ཅུང་འགོར་མེད་ལ། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་སྲིད་དོན་མི་སྣ་གཙོ་བོ་དང་། སྦྲེལ་དྲའི་ཆེད་ལས་མི་སྣ་བཅས་ཀྱིས་གནས་འདིར་སྦྲེལ་དྲའི་འཕེལ་རྒྱས་དང་བཅོས་སྐྱོང་ཐད་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཡོད་ཅིང་། ཚན་རྩལ་གྱི་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱས་ནས། འཛམ་གླིང་གི་སྦྲེལ་དྲའི་ཚོགས་ཆེན་དེ་གོ་ལ་ཧྲིལ་པོའི་སྦྲེལ་དྲའི་ལས་རིགས་ཀྱི་ལོ་འཁོར་གྱི་དོན་ཆེན་ཞིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་པོའི་སྦྲེལ་དྲའི་གར་སྟེགས་ཐོག་ཀྲུང་གོའི་ནུས་པ་དེ་བས་མངོན་གསལ་དོད་པོར་གྱུར་ཡོད། ལོ་ངོ10ལྷག་གི་སྔོན་དུ། མི་རྣམས་ཐེངས་དང་པོར་ཝུའུ་ཀྲེན་དུ་འཛོམས་ནས་སྦྲེལ་དྲའི་འཕེལ་རྒྱས་སྐོར་གླེང་སྐབས། དྲ་རྒྱའི་བར་སྟོང་གི་འཕེལ་རྒྱས་དོ་མཉམ་མིན་པ་དང་སྒྲིག་སྲོལ་འཐུས་ཚང་མིན་པ། སྒྲིག་ལམ་ལུགས་མཐུན་མིན་པ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐག་གཅོད་ཀྱི་ཇུས་གཞི་གསར་བ་འདོན་པའི་འབོད་སྐུལ་བཏང་བ་རེད། 2015ལོའི་ཟླ12པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་སྦྲེལ་དྲའི་ཚོགས་ཆེན་སྐབས་གཉིས་པའི་སྟེང་ཐེངས་དང་པོར“དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི”འདུ་ཤེས་གལ་ཆེན་བཏོན་ནས། དྲ་རྒྱའི་བར་སྟོང་གི་མདུན་ལམ་དང་ལས་དབང་དེ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྟངས་འཛིན་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་ལོངས་སུ་སྤྱོད་དགོས་པ་བསྟན་པར་མ་ཟད། གོ་ལ་ཧྲིལ་པོའི་སྦྲེལ་དྲའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་མཐའ་འཁྱོངས་བྱེད་དགོས་པའི“རྩ་དོན་བཞི”དང་། དེ་བཞིན་དུ་ཐུན་མོང་ཐོག་དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི“འདོད་ཚུལ་ལྔ”བཏོན་པ་རེད། ལོ་ངོ་བཅུའི་རིང་ལ། དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་གལ་ཆེན་དེ་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ལེན་རྒྱ་ཁྱབ་དང་དང་ལེན་ཆེན་པོ་བྱེད་ཀྱི་ཡོད།

འཛམ་གླིང་སྦྲེལ་དྲའི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་རེན་ཞན་ལེང་གིས་བཤད་རྒྱུར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་དེས་གོ་ལ་ཧྲིལ་པོའི་སྦྲེལ་དྲའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཁ་གསལ་ཞིང་ཆ་ཚང་བའི་འདུ་ཤེས་ཀྱི་གཞི་སྒྲོམ་དང་དོན་འཁྱོལ་ཐུབ་པའི་ཐབས་ལམ་འདོན་སྤྲོད་གནང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ནུས་པ་ཆེན་པོ་ཐོན་པ་རེད། ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་རེ་འབོད་ལ་ནུས་པ་ཆེན་པོ་ཐོན་པ་དང་། དྲ་རྒྱའི་བར་སྟོང་གིས་མིའི་རིགས་ཡོངས་ལ་སྔར་བས་བདེ་སྐྱིད་བསྐྲུན་པའི་འདུན་ལྗོངས་ལེགས་པོ་མཚོན་པར་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་དགོངས་དོན་གལ་ཆེན་གྱི་ཁྲིད་སྟོན་འོག ལོ་ངོ་བཅུའི་རིང་ལ། རང་རྒྱལ་གྱི་སྦྲེལ་དྲའི་འཕེལ་རྒྱས་དང་བཅོས་སྐྱོང་གིས་འཛམ་གླིང་ལ“ཀྲུང་གོའི་མ་དཔེ”མཁོ་འདོན་བྱས་ཡོད། རང་རྒྱལ་གྱི་རྣམ་པ་གསར་བའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་ཡོད་དེ། 5Gརྨང་གཞིའི་ས་ཚིགས་ཀྱི་སྡོམ་འབོར་ས་ཡ་བཞི་དང་འབུམ་དྲུག་ཁྲི་བཞི་སྟོང་དྲུག་ལ་སླེབས་པ་དང་། སྲིད་འཛིན་གྲོང་ཚོ90%ཡན་ལ་5Gདྲ་རྒྱ་ཁྱབ་པར་བྱས་ཡོད། AIལག་རྩལ་དེ་སྨན་བཅོས་དང་སློབ་གསོ། བཟོ་ལས་སོགས་ལས་རིགས་བརྒྱ་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་ཅིང་། རང་རྒྱལ་གྱིས་བཟོས་པའི་ཉིང་ལེབ་ཀྱི་རང་བདག་ཚོད་འཛིན་ཐུབ་པའི་ཐོན་ལས་སྦྲེལ་ཐག་གི་སྐྱེ་ཁམས་མགྱོགས་མྱུར་སྒོས་བསྐྲུན་ཡོད། རང་རྒྱལ་ནི5Gདྲ་རྒྱའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་དང་། དྲ་ཐོག་སིལ་ཚོང་གི་གྲངས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཟིན་ཡོད། ད་དུང་སྤོ་འགུལ་རིན་སྤྲོད་ཀྱི་ཁྱབ་ཚད་ཀྱང་གོ་ལ་ཧྲིལ་པོའི་ཨང་དང་པོར་གནས་ཡོད།

ལོ་ངོ་བཅུའི་རིང་ལ། རང་རྒྱལ་གྱི་དྲ་རྒྱའི་ཁྱབ་ཁོངས་སུ་སྔ་རྗེས་སུ་བཅའ་ཁྲིམས་ཀྱི་དོན་ཚན150ལྷག་གཏན་འབེབས་བྱས་པ་དང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་རྒྱུན་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ནས། དྲ་རྒྱའི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཀྲུང་གོའི་ལག་ལེན་གྱིས་རང་རྒྱལ་གྱི་མི་དམངས་མང་ཚོགས་ལ་དོན་དངོས་ཀྱི་བདེ་སྐྱིད་སྐྲུན་བཞིན་པའི་དུས་མཉམ་དུ།“ཀྲུང་གོའི་ཇུས་གཞི”ཡང་ཕྱི་རྒྱལ་དུ་བསྐྱོད་དེ། འཛམ་གླིང་རྒྱལ་ཁབ་ཁག་གི“གྲངས་ཀའི་བར་ཁྱད”གསབ་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

ཡ་གླིང་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱིས་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཤེས་རིག་གྲོང་ཁྱེར་དང་། 5Gམི་ཐབས་རིག་ནུས། གློག་རྡུལ་ཚོང་དོན། གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས་སུ་སྔར་ལས་མཉམ་ལས་གསར་བ་བཏོད་ནས་ ཀྲུང་གོའི་སྒྲིག་ཆས་དང་ལག་རྩལ་གྱིས་ས་གནས་ཀྱི་གྲངས་འཛིན་ཞབས་ཞུ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱས། ཧྥེ་གླིང་དུ་ “བྱང་སྐར་དང་མི་མེད་གནམ་གྲུའི”ལག་རྩལ་ཉེར་སྤྱོད་བྱས་པས་        མོ་ཙམ་པི་ཁེ་ཡི་ཞིང་རའི་ཐོན་སྐྱེད་ལས་ཕྱོད་ཇེ་མཐོར་བཏང་ཞིང་། འདེབས་འཛུགས་གཞི་ཁྱོན་དང་རིགས་སྣ་རྒྱ་བསྐྱེད་བཏང་བ་དང་། མིག་སྔར་བྱང་སྐར་མ་ལག་དང་འབྲེལ་ཡོད་ཐོན་རྫས་ཧྥེ་གླིང་གི་རྒྱལ་ཁབ་སུམ  ་ཅུ་ལྷག་ཏུ་བེད་སྤྱོད་ལག་ལེན་བྱས་ཤིང་། ས་གནས་ཀྱི་ཆུ་བེད་དང་འགྲིམ་འགྲུལ། ཞིང་ལས། གནམ་གཤིས་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་སུ་ཞིབ་ཚད་མཐོ་བའི་གནས་ཡུལ་ཞབས་ཞུ་མཁོ་འདོན་བྱས་ཡོད།

བཅར་ལན། ཙན་པི་ཡའི་ནོར་སྲིད་དང་རྒྱལ་ཁབ་འཆར་འགོད་པུའུ་ཡི་མཐོ་རིམ་དཔལ་འབྱོར་ཆེད་མཁས་པ་ལི་ཧྥ་ལ་ལོ·ཨའོ་ཁེ་ཞི་ལི་ཡ·ན་མ་ཞི་ཁུ་ཡིས་བཤད་རྒྱུར།

དྲ་ལམ་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་གྲོས་གཞི་འདིར་རྒྱང་ལྟའི་རང་བཞིན་དང་དང་གསར་གཏོད་རང་བཞིན་ཆེན་པོ་ལྡན་པ་དང་། དེས་དར་རྒྱས་རྒྱལ་ཁབ་དང་དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་ཐུབ། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་མཉམ་ལས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཧྥེ་གླིང་དུ་ལྷག་པར་ངའི་རྒྱལ་ཁབ་ཙན་པི་ཡ་དཔེར་བཞག་ན། ཀྲུང་གོ་དང་མཉམ་ལས་འཛུགས་སྐྲུན་བྱས་པའི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱིས་ངའི་རྒྱལ་ཁབ་ལ་རོགས་སྐྱོར་དངོས་སུ་བྱས་ཡོད་པ་དང་། གསར་གཏོད་འཕེལ་རྒྱས་དང་གློག་རྡུལ་ཚོང་དོན་སོགས་མངའ་ཁོངས་སུ་ནུས་པ་འདོན་སྤེལ་བྱས་ཡོད།

ཀྲུང་གོ་ནི་དྲ་ལམ་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དར་སྤེལ་གཏོང་མཁན་ཡིན་ལ། ལྷག་པར་ཏུ་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་མཁན་དང་ནུས་ལྡན་སྣེ་ཁྲིད་པ་ཡིན། མི་ཐབས་རིག་ནུས་ལག་རྩལ་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ། ཀྲུང་གོས《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་གྲོས་གཞི》བཏོན་དེ། 《མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་སྤྱི་ཕན་འཆར་གཞི》ཁྱབ་བསྒྲགས་བྱས་ནས་མི་ཐབས་རིག་ནུས་ལག་རྩལ་གྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྐུལ་འདེད་བཏང་། གཞི་གྲངས་བདེ་འཇགས་གྱི་གོ་ལ་ཧྲིལ་པོའི་གནད་དོན་འདིར་ཁ་གཏད་ནས། ཀྲུང་གོས《གོ་ལ་ཧྲིལ་པོའི་གཞི་གྲངས་བདེ་འཇགས་གྲོས་གཞི》བཏོན་པ་དང་། 《གོ་ལ་ཧྲིལ་པོའི་གཞི་གྲངས་རྒྱལ་ཁོངས་བརྒལ་བའི་འཁོར་རྒྱུག་མཉམ་ལས་གྲོས་གཞི》ཁྱབ་བསྒྲགས་བྱས་ནས་རྒྱལ་སྤྱིའི་གཞི་གྲངས་བཅོས་སྐྱོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་དྲག་པོ་བསྣན།

ལོ་ངོ་བཅུའི་རིང་། ཀྲུང་གོས་འགུལ་སྐྱོད་ནན་མོར་བརྟེན་ནས་དྲ་ལམ་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ངོས་འཛིན་རྒྱ་ཁྱབ་ཀྱིས་གཅིག་སྒྲིལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་ལས་མཐུན་སྦྱོར་དང་དཀྱེལ་ཡངས་ཀྱི་རྣམ་འགྱུར་ལས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏོད་པ་དང་། སྔར་ལས་སྤྱི་ཕན་སྟོབས་འབྱོར་དང་། ཞི་བདེ་བདེ་འཇགས། འདྲ་མཉམ་དཀྱེལ་ཡངས་བཅས་ཀྱི་དྲ་རྒྱའི་བར་སྟོང་ཞིག་བསྐྲུན་དེ། ཐུན་མོང་ཐོག་སྔར་ལས་མཛེས་སྡུག་ལྡན་པའི་“གྲངས་འཛིན་གྱི་མ་འོངས་པར་”ཕྱོགས།