ཀུའེ་ཀྲོའུ་ཡིས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་བསླངས།  ཨན་ཧུའེ་འབྲི་ཆུའི་ཟུར་གསུམ་དུ་གང་མགྱོགས་སྒོས་འདྲེས་པར་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་།  ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་མགྱོགས་མོར་བསྒྱུར་ནས་ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་འབྱུང་རྒྱུར་ནན་ཏན་སྒོས་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།  ཚེས་བཅོ་བརྒྱད་ཉིན་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སློབ་སྦྱོང་ལག་བསྟར་བྱེད་པའི་ཕྲེང་བསྟར་གསར་འགྱུར་ཁྲོད། ཀུའེ་ཀྲོའུ་དང་ཨན་ཧུའེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ་རང་སོ་སོའི་དགེ་མཚན་གཞིར་བཟུང་ཞིང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་བརྟེན་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་གསོན་ཤུགས་གསར་པ་བསླངས།

ཀུའེ་ཀྲོའུ་རུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོར་ལྟ་སྐོར་བྱ་རྒྱུ་དེ་གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་སྟངས་གསར་པ་ཞིག་ཏུ་གྱུར་ཡོད། སྔོན་འདིར་ཀུའེ་ཀྲོའུ་ལི་ཕིང་རྫོང་ཏུང་རིགས་སྡེ་བ་ཧོང་ཀང་སྡེ་བར་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱི2025ལོའི“ཡུལ་སྐོར་ཞིང་སྡེ་ཡག་ཤོས”ཀྱི་མཚན་སྙན་ཐོབ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། དེ་སྔོན“ལུང་ཤུར་རྒྱུས་མེད”དུ་གྱུར་བའི་ཏུང་རིགས་ཞིང་སྡེ་དེས་ཁང་རྙིང་དག་བེད་སྤྱོད་གང་ལེགས་བྱེད་པ་དང་།  གནའ་བོའི་རྨོ་འདེབས་རིག་གནས་དང་གྲོང་གསེབ་ཐོན་ལས་ཀྱི་དྲ་ཐོག་ཚོང་དོན་རྒྱུན་མཐུད་བྱས་པ་དང་བསྟུན། ཧོང་ཀང་སྡེ་བས་ལོ་རེར་ཆ་སྙོམས་ཀྱིས་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་ལྷག་སྣེ་ལེན་བྱེད་ཀྱིན་ཡོད།

ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཧོང་ཀང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཡན་གྱིས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོའི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད།  ང་ཚོས་མུ་མཐུད་ནས་སྡེ་བའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག་དེང་རབས་ཅན་གྱི་སྒྲིག་བཀོད་དང་བསྲེས་རྒྱུ་ཡིན་ལ། ཤུགས་ཆེན་པོས་ཞིང་སྡེ་སྟོབས་འབྱོར་ཅན་གྱི་ཐོན་ལས་སྤེལ་ནས་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

རི་ཁུལ་དང་རི་མ་ཐང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁྱོན་གྱི་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་ལྔ་ཟིན་པའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། ཀུའེ་ཀྲོའུ་ཡིས“འགྲིམ་འགྲུལ་དང་། ཡུལ་སྐོར། ཐོན་ལས”བཅས་གཞི་གཅིག་དུ་འབྲེལ་བའི་ཡུལ་སྐོར་གཞུང་ལམ་བཏོད་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”ཚུན་དུ། ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི་གཅིག་དང་སྟོང་གཉིས་གསར་དུ་ལས་ཡོད་ལ། ལ་ལུང་དུ་ཁ་ཐོར་དུ་གནས་པའི་མི་རིགས་མི་འདྲ་བའི་གྲོང་སྡེ་ཕན་ཚུན་སྦྲེལ་ནས་ཧོང་ཀང་སྡེ་བ་ལྟ་བུའི་ཞིང་སྡེ་ཡུལ་སྐོར་གྱི་གཙོ་གནད་ཞིང་སྡེ560གཏན་ཁེལ་བྱས་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་སྟེ། ཀུའེ་ཀྲོའུ་ཡིས་རྣམ་པ་སྣ་མང་སྤྱད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིང་སྡེ་རུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་སྒོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཇུས་འགོད་བྱས་ཡོད།

ཀུའེ་ཀྲོའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྲོང་གསེབ་རིག་གནས་ཡུལ་སྐོར་ཁྲུའུ་ཡི་མགོ་གཙོ་ཙོའུ་ཅན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རྒྱང་ལྟ་བྱས་ན། ང་ཚོས་“གཏན་ཕབ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་བླང་བྱར་རྩེ་གཅིག་ཏུ་དམིགས་ནས། སྲོལ་རྒྱུན་གྱི་ཞིང་སྡེ་དང་གྲངས་ཉུང་མི་རིགས་ཀྱི་ཞིང་སྡེ་གཙོར་བཟུང་ཞིང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྐྱེ་ཁམས་སྡོད་མལ་དང་འཚམ་ལ།  ལས་རིགས་དར་ཞིང་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་དགོས།

སྔོན་ཏག་ཏག་ལ། ཨན་ཧུའེ་ཏང་ཧྲན་རྫོང་གི་ཏང་ཧྲན་ལི་འདེབས་འཛུགས་རྟེན་གཞི་དེ་ཧྲང་ཧའེ་གྲོང་ཁྱེར་གྱི་ཕྱི་རོལ་གྱི་སྔོ་ཚལ་དང་ཤིང་ཏོག་མཁོ་འདོན་རྟེན་གཞི་གཙོ་བོར་གཏན་འཁེལ་བྱས། ཏང་ཧྲན་ལ་ལོ་བརྒྱའི་རིང་ཤིང་ཏོག་ལི་འདེབས་འཛུགས་བྱས་པའི་ལོ་རྒྱུས་ཡོད། ཕྱིར་འཚོང་བྱེད་ཐབས་སྣ་གཅིག་ཡིན་པས་ཤིང་ཏོག་རིན་གོང་མཐོན་པོར་བཙོང་མི་ཐུབ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། ཨན་ཧུའེ་ཡིས་འབྲི་ཆུའི་ཟུར་གསུམ་དང་མགྱོགས་མོར་མཉམ་འདྲེས་བྱས་སྟབས། འབྲི་ཆུའི་ཟུར་གསུམ་གྱི་“འབྲས་ཁུག་”དང་“ཤ་ཚལ་སྒོང་གསུམ་”དང་“ཤིང་འབྲས་སྡེར་མ་”བཅས་ལ་འགྱུར་དུ་བཅུག་སྟེ། འབྲི་ཆུའི་ཟུར་གསུམ་གྱི་ལྗང་མདོག་ཞིང་ལས་ཐོན་རྫས་ལས་སྣོན་མཁོ་སྤྲོད་རྟེན་གཞི་བཙུགས་ཡོད་པ་དང་། ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧེ་བཅས་ནི་ཏང་ཧྲན་ལི་ཡི་འཛད་སྤྱོད་ཁྲོམ་ར་གཙོ་བོར་གྱུར་ཡོད། གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཁྱགས་སྦྲེལ་ཟོག་འགྲེམས་རྟེན་གཞི་གཙོ་ཤས་དེ་ཏང་ཧྲན་རྫོང་དུ་བཙུགས་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཞིང་ལས་ཐོན་རྫས་བསྡུ་ལེན་དང་གསོག་ཉར། སྐྱེལ་འདྲེན་ཐུབ་པ་བཅས་བྱས་ཡོད། ཚོང་རྭ་བརྟན་པོ་ཡོང་དུ་འཇུག་པ་དང་ཆབས་ཅིག ཅང་སུའུ་དང་ཀྲེ་ཅང་། ཧྲང་ཧའེ་བཅས་ཀྱིས་ཀྱང་ཨན་ཧུའེ་ནས་མིང་གྲགས་ཅན་དང་། ཕུལ་བྱུང་ཅན། དམིགས་བསལ་ཅན་གྱི་ཞིང་ལས་ཐོན་རྫས་གསར་པ་འཕེལ་རྒྱས་གཏོང་བར་སོན་བཟང་དང་སྔོན་ཐོན་གྱི་ལག་རྩལ་མཁོ་འདོན་བྱས་ཡོད།

ཨན་ཧུའེ་ཞིང་ཆེན་ཏང་ཧྲན་རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུང་མེ་ཅོན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་སྒྲིག་བྱེད་དགོས་པ་བཏོན་ཡོད་ལ། ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའང་བཏོན་ཡོད། འདིས་ང་ཚོར་ཁ་ཕྱོགས་གསལ་བོར་བསྟན་ཡོད་དེ།  ང་ཚོས་འབྲི་ཆུའི་ཟུར་གསུམ་གཞི་གཅིག་འཕེལ་རྒྱས་སུ་བསྒྱུར་བའི་འགྲོས་དང་བསྟུན་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བར་ཡིད་ཆེས་སྔར་བས་ཆེན་པོ་ཡོད།

མིག་སྔར་ཨན་ཧུའེ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་བས་ཇེ་ཆེར་བཏང་སྟེ་འབྲི་ཆུ་དང་ཧོའེ་ཧུ་གཙང་བོའི་འབྲུ་མཛོད་མགྱོགས་མྱུར་སྒོས་བསྐྲུན་སྟེ། ཕྱོགས་ཡོངས་དང་ཐབས་ལམ་མང་པོའི་ཐོག་ནས་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་གསར་སྤེལ་བྱས།

ཨན་ཧུའེ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་འཕེལ་རྒྱས་འཆར་འགོད་ཁྲུའུ་ཡི་མགོ་གཙོ་གཞོན་པ་ཙུང་ཁྲ་ཁྲ་ཡིས་བཤད་རྒྱུར།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ང་ཚོས་ཐེར་འབུམ་རིམ་པའི་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ30གསོ་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད། ཐེར་འབུམ་གསུམ་ཅན10དང་ཐེར་ཆེན་རིམ་པའི་རྫོང་ཁོངས་ཐོན་ལས་ཁྱུ་ཚོགས3བསྐྲུན་རྩིས་ཡོད། ཡུལ་བབ་དང་བསྟུན་ནས་འབྲི་ཆུའི་ཟུར་གསུམ་ས་ཁོངས་ཀྱི་སྤྲོ་གསེང་ཞིང་ལས་ཞབས་ཞུའི་ལས་སྟེགས་མཉམ་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་སྣ་མང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།